དཔལ་ལྡན་ཚོགས་གཙོ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷོབ་ཌོལ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་ཞུས་པ།

༄༅། ། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༥ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷོབ་ཌོལ་ (Bob Dole) མཆོག་དགུང་གྲངས་ ༩༨ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར།  དེ་རིང་ཕྱི་ཚེས་ ༧ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་གི་སྐུ་ཟླ་ལྕམ་སྐུ་ཨེ་ལི་ཛེ་བྷི་ཐི་ཌོལ་ (Elizabeth Dole) ལགས་ཀྱིས་གཙོས་པའི་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག

དམ་པ་ཁོང་གི་སྐུ་ཟླ་ལྕམ་སྐུ་ཨེ་ལི་ཛེ་བྷི་ཐི་ཌོལ་ལགས་ལ་བསྐུར་བའི་ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། སྐུ་ཉིད་ཀྱི་སྐུ་ཟླ་དང་། བོད་ཀྱི་བློ་ཉེ་བའི་གྲོགས་པོ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷོབ་ཌོལ་ (Bob Dole) མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་ཤིན་ཏུ་ནས་བློ་ཕམ་བྱུང་།

ཕྱི་ལོ་ ༡༩༩༧ ལོར་དམ་པ་དེ་ཉིད་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་མཇལ་འཕྲད་གནང་བ་དང་། དེ་བཞིན་དམ་པ་ཁོང་ནི་བོད་ཀྱི་བདེན་པའི་རྩ་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པར་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁོང་སྐུ་གཤེགས་པ་དེས་བོད་མིའི་གྲོགས་པོ་བཟང་པོ་ཞིག་མེད་པ་ཆགས་ཡོད།

གཞན་ཡང་དམ་པ་ཁོང་སྐུ་འཚོ་བཞུགས་སྐབས་འགྲོ་བ་མིའི་རིན་ཐང་ཐོག་རྒྱུན་ཏུ་ནས་བརྩི་བཀུར་དང་རྒྱབ་སྐྱོར་ཤུགས་ཆེ་གནང་ཞིག་ཡིན། དམ་པ་ཁོང་དང་། ཁོང་གིས་བཞག་པའི་མཛད་རྗེས་རྣམས་ང་ཚོས་རྟག་ཏུ་དྲན་ངེས་ཡིན་ཞེས་འཁོད་འདུག་པ་བཅས། །

ཐུགས་གསོའི་འཕྲིན་ཡིག་ངོ་མ་ཨིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ། ཐུགས་གསོའི་འཕྲིན་ཡིག PDF