དཔལ་ལྡན་ཚོགས་གཙོ་མཆོག་གིས་ཉི་ཧོང་གི་སྲིད་བློན་མཆོག་ལ་འཚམས་འདྲི་ཞུས་པ།

༄༅། ། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༣ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཉི་ཧོང་གི་སྲིད་བློན་གསར་པ་སྐུ་ཞབས་ཧྥུ་མིའོ་ཀི་ཞི་དཱ་ (Fumio Kishida) མཆོག་གིས་སྲིད་བློན་གྱི་མཛད་འགན་བཞེས་པར་འཚམས་འདྲི་ཞུས་གནང་འདུག

འཚམས་འཕྲིན་ནང་འཁོད་དོན། འཛམ་གླིང་ནང་གི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཏེ། ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་འཐུས་མི་གྲངས་ ༩༣ ཡོད་པ་ནི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དགའ་སྤོབས་སྐྱེ་འོས་པ་ཞིག་ཡིན་པ་མ་ཟད། དེས་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་ཉི་ཧོང་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་གི་ཡོད་པ་མཚོན་ཐུབ།

སྐུ་ཉིད་ནས་ཉེ་ཆར་སྐུ་ཞབས་ནཱ་ཀ་ཊ་ནི་(Nakatani) ལགས་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སློབ་སྟོན་པར་བསྐོ་གཞག་གནང་བ་དེས་བོད་དོན་ཐད་དེ་བས་རྒྱབ་སྐྱོར་ཇེ་བརྟན་དུ་ཕྱིན་ཡོད་པ་དང་། དེར་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཁྱེད་ཀྱི་དབུ་འཁྲིད་འོག་མང་གཙོ་དང་། ཁྲིམས་ཀྱི་དབང་བསྒྱུར། འགྲོ་བ་མིའི་རིན་ཐང་བཅས་ཡར་རྒྱས་གོང་སྤེལ་ཡོང་རྒྱུར། ཉི་ཧོང་མི་མང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབར་གྱི་མཛའ་མཐུན་གྱི་འབྲེལ་ལམ་སྔར་ལྷག་ཡོང་བའི་རེ་བ་ཞུ་བཞིན་ཡོད་ཅེས་འཁོད་འདུག་པ་བཅས།