
༄༅། ། ཕྱི་ལོ་ ༢༠༢༦ ཟླ་ ༡༡ པའི་ཚེས་ ༡༧ ཉིན་པོ་ལེནྜ་རྒྱལ་ཁབ་ནས་ཡིན་པ་ས་གྲུབ་པའི་ཡུ་རོབ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀ་མིན་སིཀི་མཆོག་གི་ཕྱག་རོགས་སེ་ལ་ཝོ་མིར་ མོཀ་ཨུན་ (Slawomir Mockun) ལགས་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ་དང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་མཇལ་འཕྲད་ཀྱིས་བོད་དོན་སྐོར་བཀའ་བསྡུར་ལྷུགས་པོ་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོ་བོར་གསུངས་དོན། རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་ཁྲིམས་འགལ་བཙན་བཟུང་མ་བྱས་གོང་། བོད་འདི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ལྷན་ཆིངས་ཡིག་ཀྱང་བཞག་ཡོད་པ་སོགས་བོད་ཀྱི་དངོས་ཡོད་ལོ་རྒྱུས་ཀྱི་གནས་བབ་སྐོར་དང་། རྒྱ་ནག་དམར་གཞུང་འོག བོད་ནང་བོད་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་སྲུང་དང་། དྲག་གནོན་ཤུགས་ཆེ་བྱེད་བཞིན་པའི་སྐོར་དང་འབྲེལ་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་སོགས་བོད་རིགས་རྒྱ་རིགས་སུ་བསྒྱུར་རྒྱུའི་སྲིད་བྱུས་ལག་བསྟར་གྱིས་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་བཞིན་ཡོད་པའི་སྐོར་ལ་ངོ་སྤྲོད་གནང་སོང་།

གཞན་ཡང་མཇལ་མོལ་སྐབས། མཐོ་སྒང་བོད་ཀྱི་ཁོར་ཡུག་སྤྱི་དང་། ལྷག་པར་དུ་བོད་ནས་བབས་པའི་ཆུ་བོ་དེ་དག་འཛམ་གླིང་སྤྱི་དང་། ལྷག་པར་དུ་ཆུ་བོ་བབས་ཡུལ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་ཇི་ཙམ་གལ་གནད་ཆགས་ཀྱི་ཡོད་གནས་དང་། རྒྱ་ནག་དམར་གཞུང་གིས་བོད་ས་ཁྲིམས་འགལ་དབང་བསྒྱུར་བྱས་པའི་རྗེས་ལ། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་ལ་རང་བཞིན་གྱིས་བོད་ཀྱི་ས་བབ་ཀྱི་ཐོག་ནས་རྒྱ་དམར་གྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད་སྐོར་གསུངས་སོང་།

རྒྱ་ནག་དམར་གཞུང་གིས་མཐོ་སྒང་བོད་ཀྱི་ཁོར་ཡུག་ལ་ཚད་ལས་འདས་པའི་གཏོར་བཤིག་དང་། བོད་ཀྱི་ཆུ་བོ་ཆེ་ཁག་ལ་ཆུ་མཛོད་བརྒྱབ་པ་དེས་མིའི་ཚེ་སྲོག་ལ་ཉེན་ཁ་བཟོས་པ་མ་ཟད། ལྷག་པར་དུ་ཆུ་བོ་བབས་ཡུལ་གྱི་རྒྱལ་ཁབ་ཁག་ལ་རང་བྱུང་ཁམས་ཀྱི་གནོད་འཚེ་ཕོག་རྒྱུར་ཉེན་ཁ་ཆེན་པོ་བཟོས་ཡོད་སྐོར་གསུངས་སོང་།

ཡུ་རོབ་གྲོས་ཚོགས་འཐུས་མི་རྣམ་པ་བརྒྱུད། ཡུ་རོབ་གྲོས་ཚོགས་ནས་བོད་ཀྱི་རྩ་དོན་སྤྱི་དང་། ལྷག་པར་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་དང་། བོད་ནང་གི་ཆོས་དད་རང་དབང་། རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་བཅས་ཀྱི་ཐོག་རྣམ་འགྱུར་བཏོན་ཏེ། བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཨ་རིའི་གཞུང་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་བ་ལྟར། ཡུ་རོབ་གྲོས་ཚོགས་ཀྱི་ཐོག་ནས་དེ་ལྟར་ཡུ་རོབ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་ཐུབ་རྒྱུར་འབོད་སྐུལ་བཅས་ཞུས་གནང་སོང་།

མཇལ་འཕྲད་གྲུབ་མཚམས། ཡུ་རོབ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་ཡོད་པ་བཅས།
