དཔལ་ལྡན་ཚོགས་གཙོ་མཆོག་གིས་རྒྱ་གར་གྱི་ཉམས་ཞིབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་དང་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༣༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༢།༠༠ ཙམ་གྱི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱ་གར་བློ་འདོན་ལྟེ་གནས་ཁང་འདྲ་མིན་གྱི་བོད་དང་། རྒྱ་ནག རྒྱ་གར་བཅས་ཀྱི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་དང་། གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཁག་ཅིག་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་དང་ལྷན་མཇལ་འཕྲད་ཀྱིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུངས་དོན། ང་ཚོ་བཙན་བྱོལ་ལ་སླེབས་ནས་ལོ་ངོ་ ༦༧ འགྲོ་ཡི་ཡོད་པ་དང་། དུས་ཚོད་དེའི་རིང་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་ཀྱི་རྩ་དོན་ཐོག་མུ་མཐུད་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་སོང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ལ་ཆིབས་བསྒྱུར་བསྐྱངས་ནས་མའོ་ཀྲུ་ཞིས་གཙོས་པའི་རྒྱ་ནག་གི་འགོ་ཁྲིད་མང་ཆེ་བ་མཇལ་འཕྲད་དང་། རྒྱ་ནག་འཐུས་མིའི་ཚོགས་ཆེན་ནང་ལའང་ཕེབས་གནང་མཛད་ཡོད་པ། ཕྱིས་སུ་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་ལ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དུས་དྲན་སྲུང་རྩིའི་ཐོག་གདན་འདྲེན་ཞུས་པ་བཞིན་ཆིབས་བསྒྱུར་བསྐྱངས་ཤིང་། སྐབས་དེའི་རྒྱ་གར་གནད་ཡོད་དཔོན་རིགས་མང་པོ་ཞིག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། རྒྱ་གར་གྱི་གྲོས་ཚོགས་ནང་ཕེབས་གནང་མཛད་ཡོད། རྒྱ་གར་གྲོས་ཚོགས་ནང་འཐུས་མི་རྣམ་པས་སྲིད་བློན་སོགས་ལ་དྲི་བ་འབུལ་སྟངས་དང་། བགྲོ་གླེང་གནང་སྟངས། རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ལྟ་བུ་མི་རེ་གཉིས་ཀྱིས་གང་བཤད་བཤད་མ་ཡིན་པར་གཟིགས་རྗེས། མགོན་པོ་མཆོག་རྒྱ་གར་གྱི་མང་གཙོའི་འགྲོ་ལུགས་ལ་ཐུགས་ཡིད་དབང་འཕྲོག་ཡོད།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་ལེགས་བཅོས་ལས་ཁུངས་དང་། གྱོད་ཞིབ་ལས་ཁུངས་གསར་འཛུགས་བསྐྱངས་ཏེ་སྔོན་མའི་བོད་ཀྱི་ལམ་ལུགས་ལ་བསྒྱུར་བཅོས་གནང་འགོ་བཙུགས་ཀྱང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་ཁྲིམས་འགལ་བཙན་བཟུང་བྱས་རྗེས་ང་ཚོ་བཙན་བྱོལ་ལ་གྱར་དགོས་བྱུང་བ་དང་། བཙན་བྱོལ་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༦༠ ལོར་ཆོལ་ཁ་ཆོས་བརྒྱུད་དང་བཅས་པའི་འཐུས་མི་གྲངས་བཅུ་གསུམ་ཡོད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་དང་། ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་དང་འཐུས་མིའི་གྲངས་འབོར་སྤར་བ།  ༢༠༠༡ ནས་བཟུང་སྟེ་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་བྱེད་རྒྱུའི་སྲོལ་གཏོད་པ། ༢༠༡༡ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་རྩིས་སྤྲོད་གནང་བ་སོགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ལས་དོན་གནང་ཕྱོགས། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་སོགས་ཀྱི་སྐོར་གསུངས་གནང་སོང་།

བོད་དང་རྒྱ་གར་དབར་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་ཆོས་དང་། རིག་གཞུང་གི་འབྲེལ་བ་ཡོད་ཅིང་། དུས་རབས་བརྒྱད་པའི་ནང་རྒྱ་གར་ནས་བོད་ལ་ནང་ཆོས་དར་བ་དང་། བཙན་བྱོལ་བོད་མིའི་མང་གཙོ་ལག་ལེན་བསྟར་བཞིན་པ་དེ་ཡང་མང་བ་རྒྱ་གར་གྱི་མང་གཙོའི་གྲོས་ཚོགས་ལམ་ལུགས་ཀྱི་འགྲོ་ལུགས་ལ་བལྟས་ནས་བཟོས་ཡོད་པ་སོགས་བོད་དང་རྒྱ་གར་དབར་གྱི་འབྲེལ་བའི་སྐོར་དང་། ཉེ་ཆར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་གཏན་འབེབས་ཀྱིས་རྒྱ་ནག་གི་སྐད་ཡིག་བཀོལ་སྤྱོད་དང་། མི་རིགས་མཉམ་བསྲེས་བྱེད་བཞིན་པ་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་རྗེས། ཁོང་རྣམ་པའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་སོང་།

སྐབས་དེའི་སྐུ་ཚབ་ཚོགས་ཆུང་ནང་། ༡) རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བློ་འདོན་ལྟེ་གནས་ཁང་ Observer Research Foundation ཞེས་པའི་རྒྱ་ནག་ཐོག་གི་ཉམས་ཞིབ་པ་སྐུ་ཞབས་ཀལ་པིཊ་ མན་ཀི་ཀར་ (Kalpit A Mankikar) ལགས་དང་། ༢)  ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་ཁབ་བདེ་འཇགས་དང་། ཕྱི་འབྲེལ་སྲིད་བྱུས་ལྟེ་གནས་ཁང་ Vivekananda International Foundation ཞེས་པའི་ཉམས་ཞིབ་པ་ལྕམ་སྐུ་ས་ར་ཌ་ སུ་བྷ་ཤི་ (Sarada Subhash) ལགས། ༣) ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་ཞིབ་འཇུག་དང་ཐབས་བྱུས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ལྕམ་སྐུ་ནམ་ར་ཏ་ ཧ་སི་ཇ་ (Namrata Hasija) ལགས། ༤) ཧ་རི་ཡཱ་ཎཱ་རུ་རྟེན་གཞི་བྱས་པའི་ Rishihood ཞེས་པའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ལས་རོགས་ཀ་མལ་མ་དི་ཤེ་ཊི་ (Kamal Madishetty) ལགས། ༥) ཧ་རི་ཡཱ་ཎཱ་རུ་རྟེན་གཞི་བྱས་པའི་ Jindal India Institute གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་སྐུ་ཞབས་ཧིན་ཌོལ་ སེན་གྷུབ་ཏ་ (Prof. (Dr.) Hindol Sengupta) ལགས། ༦) སིང་གྷ་པུར་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པ་སྐུ་ཞབས་ཆི་ར་ཡུ་ ཐ་ཀར་ (Dr Chirayu Thakkar) ལགས། ༧) རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བློ་འདོན་ལྟེ་གནས་ཁང་ Observer Research Foundation ཞེས་པའི་འགན་འཛིན་གཞོན་པ་སྐུ་ཞབས་ཝི་ཝེཀ་ མི་ཤི་རཱ་ (Vivek Mishra) ལགས། ༨) རྒྱལ་སྲུང་དང་ཐབས་བྱུས་ཞིབ་འཇུག་ལྷན་ཚོགས་ཀྱི་ཉམས་ཞིབ་ལས་རོགས་སྐུ་ཞབས་ཨངྐིཏ་ ཏི་ཝརི་ (Ankit Tiwari) ལགས། ༩) ཡུ་པི་ཨ་ལི་གྷར་ Aligarh Muslim University གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ལས་རོགས་ཏ་རུ་ཤི་ཁ་ སར་ཝེ་ཤི་ (Tarushikha Sarvesh) ལགས། ལྡི་ལིར་རྟེན་གཞི་བྱས་པའི་ཕྱི་འབྲེལ་ལས་དོན་དང་། ཚོང་ལས། སྲིད་བྱུས་ལམ་སྟོན་གནང་མཁན་ Closed Door Policy Consulting ཞེས་པ་གསར་འཛུགས་གནང་མཁན་ཇོ་སི་ན་ མེཧ་ར་ (Jyotsna Mehra) ལགས་བཅས་ཕེབས་འདུག

སྐབས་དེར་བོད་མི་མང་སྤྱི་འཐུས་དང་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ལས་འཆར་འགན་འཛིན་རྡོ་རྗེ་ཚེ་བརྟན་མཆོག་ལྷན་བཅར་ཞུས་འདུག

སྐུ་ཚབ་ཚོགས་ཆུང་གི་གཟིགས་སྐོར་དེ་བཞིན་བོད་དོན་ལས་འགུལ་བསྟི་གནས་ཁང་དང་། ལྡི་ལིར་རྟེན་གཞི་བྱས་པའི་ཕྱི་འབྲེལ་ལས་དོན་དང་། ཚོང་ལས། སྲིད་བྱུས་ལམ་སྟོན་གནང་མཁན་ Closed Door Policy Consulting ཞེས་པའི་ཚོགས་པ་གཉིས་ཟུང་སྦྲེལ་ཐོག་གོ་སྒྲིག་ཞུས་ཤིང་། དེ་ཡང་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༣༠ ནས་ཟླ་ ༤ ཚེས་ ༡ བར་བཞུགས་སྒར་རྡ་རམ་ལ་ལར་བོད་མིའི་སྒྲིག་འཛུགས་ཀྱི་དབུ་འཁྲིད་རྣམས་དང་ལྷན་རིམ་པས་མཇལ་འཕྲད་ཀྱིས་བོད་དང་། རྒྱ་གར། རྒྱ་ནག་བཅས་ཀྱི་གནད་དོན་ཐོག་དགོངས་ཚུལ་བརྗེ་ལེན་སོགས་གནང་རྒྱུའི་ལས་རིམ་ཞིག་ཆགས་ཀྱི་ཡོད་འདུག་པ་བཅས།