དཔལ་ལྡན་ཚོགས་གཙོ་མཆོག་གིས་ཨ་རིའི་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གི་འགན་འཛིན་གཞོན་པ་དང་། ལས་འཆར་འགན་འཛིན་རྣམ་པ་གཉིས་དང་མཇལ་འཕྲད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༤༥ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་གཙོའི་ལས་ཁུངས་སུ་ཨ་རིའི་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གི་འགན་འཛིན་གཞོན་པ་སྐུ་ཞབས་བྷི་རི་ཨན་ ཇོ་སེ་ཧྥི་ (Brian Joseph) ལགས་དང་། བསྟི་གནས་ཁང་གི་ལས་འཆར་འགན་འཛིན་པདྨ་ལགས་རྣམ་གཉིས་དང་ལྷན་མཇལ་འཕྲད་ཀྱིས་ཕན་ཚུན་བཀའ་བསྡུར་ལྷུགས་པོ་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས། ཨ་རིའི་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གི་ཐོག་ནས་བོད་མིའི་མང་གཙོ་སྲ་བརྟན་དང་། འགྲོ་བ་མིའི་ཐོབ་ཐང་། རིག་གཞུང་བཅས་སྲུང་སྐྱོབ་ཐོག་ད་བར་མཐུན་འགྱུར་རྒྱབ་སྐྱོར་གནང་བ་དང་། ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དང་། དགུ་པར་དཔལ་འབྱོར་གྱི་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་སོང་།

ཕྱི་ལོ་ ༢༠༢༢ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་བསྐོང་ཚོགས་གནག་སྐབས། ཨ་རིའི་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་ཌ་མོན་ ཝིལ་སན་ (Damon Wilson) མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ་དང་། འགན་འཛིན་ཟུར་པ་སྐུ་ཞབས་ཀལ་ གྷར་ཤ་མན་ (Mr. Carl Gershman) མཆོག་གིས་ཀྱང་གསུང་བཤད་ཀྱི་ལས་རིམ་ཞིག་གཙོ་སྐྱོང་གནང་ཡོད་པ་སོགས་ཁོང་རྣམ་གཉིས་ནི་དུས་རྒྱུན་ནས་བོད་དོན་ཐོག་དམིགས་བསལ་གྱིས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ། ལྷག་པར་དུ་ཚོགས་པའི་འགན་འཛིན་སྐུ་ཞབས་ཌ་མོན་ ཝིལ་སན་ (Damon Wilson) མཆོག་བཞུགས་སྒར་རྡ་རམ་ས་ལར་ཕེབས་ནས་བོད་མིའི་སྒྲིག་འཛུགས་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་ཁུར་མི་སྣ་མཇལ་འཕྲད་གནང་བ་བརྒྱུད་མང་གཙོའི་ལས་འཆར་ཐོག་སེམས་ཤུགས་འཕར་རྒྱུར་ཕན་ཐོགས་ཆེན་པོ་བྱུང་སྐོར་གསུངས་སོང་།

དེ་བཞིན་ཨ་རིའི་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གིས་ཕྱི་ལོ་ ༢༠༢༥ ལོའི་མང་གཙོ་ཞབས་ཞུའི་གཟེངས་རྟགས་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་ཕུལ་བ་དེས། རྒྱ་ནག་གཞུང་ལ་བརྡ་ལན་ཤུགས་ཆེ་ཞིག་སྤྲད་པར་ངོས་འཛིན་བྱེད་ཀྱི་ཡོད། བོད་ནང་རྒྱ་ནག་གཞུང་གིས་སྤེལ་བཞིན་པའི་གཞི་རྒྱ་ཆེ་བའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭའི་གནད་དོན་སྐོར་རྒྱལ་སྤྱིའི་ནང་ཕྱིར་བསྒྲགས་གནང་མཁན་གཙོ་བོ་བོད་དོན་ལས་འགུལ་བསྟི་གནས་ཁང་ (Tibet Action Institute) ལ་དེ་སྔ་ཨ་རིའི་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གིས་མང་གཙོ་ཞབས་ཞུའི་གཟེངས་རྟགས་ཕུལ་བའི་རྗེས་ལ། རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོ་ཟེར་བའི་ཡིག་ཆ་འདོན་སྤེལ་བྱས་པའི་ནང་གཏན་འཇགས་སློབ་གྲྭའི་སྐོར་ལ་གསལ་བཤད་བྱེད་རྒྱུའི་འབད་བརྩོན་བྱས་འདུག དེ་འདྲའི་ཆེ་བསྟོད་གཟེངས་རྟགས་ཕུལ་བའི་ཐོག་ནས་རྒྱ་ནག་གཞུང་ལ་གོ་བརྡ་ཞིག་སྤྲོད་ཐུབ་ཀྱི་འདུག དེ་ལྟར་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་ལའང་གཟེངས་རྟགས་ཕུལ་བ་དེས། མ་འོངས་པར་ཤུགས་རྐྱེན་ཡོང་གི་ཡོད་པ་གསལ་པོ་རེད། ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་དང་། ཡབ་ཡུམ་སྐུ་འཁོར་དང་བཅས་པ་རྒྱ་ནག་དམར་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འགྲོ་ཡི་ཡོད་ཀྱང་། ང་ཚོས་ཁོང་གི་གནས་སྟངས་སྐོར་གསལ་རྟོགས་ཐུབ་ཀྱི་མེད། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོར་དམིགས་ཏེ། རྒྱལ་མཚན་ནོར་བུ་ཞེས་པ་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་བསྐོ་གཞག་བྱས་ཡོད་ཅིང་། ཁོང་ལ་བོད་ནང་ཆོས་དང་། སྲིད་ཀྱི་གོ་གནས་འདྲ་མིན་སྤྲད་ནས་བེད་སྤྱོད་ལོག་པར་གཏོང་བཞིན་ཡོད། དཔེར་ན། ཉེ་ཆར་ཁོང་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུར་རྒྱ་ནག་དམར་གཞུང་གི་ཆོག་མཆན་དགོས་སྐོར་བཤད་པ་སོགས་རྒྱ་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོར་དམིགས་ནས་བེད་སྤྱོད་ལོག་པ་གཏོང་བཞིན་ཡོད། རྒྱ་ནག་གཞུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་ངན་བྱུས་འདིང་བཞིན་ཡོད་སྐོར་སོགས་གསུངས་སོང་།


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་འཆར་དང་འབྲེལ་ཏེ། སྤྱི་འཐུས་གསར་པར་ཟབ་སྦྱོང་དང་། ས་གནས་འཐུས་ཚོགས་ཟབ་སྦྱོང་། ཐབས་བྱུས་ཚོགས་འདུ། ས་བགོས་ཕྱོགས་བསྐྱོད་སོགས་ངོ་སྤྲོད་དང་འབྲེལ་ལས་འཆར་དེ་དག་ཐོག་མཐུན་འགྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་ཐབས་དང་། ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་རྣམས་དང་འབྲེལ་བ་འཇོག་རྒྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། ཨ་རིའི་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གཉིས་ཀྱི་དབར་མུ་མཐུད་འབྲེལ་བ་སྔར་ལྷག་གོང་སྤེལ་ཡོང་ཐབས་སྐོར་སོགས་གསུངས་སོང་།

གཞན་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། སྤྱི་འཐུས་རྒྱུན་ལས་ཀྱི་ལས་དོན་གནང་ཕྱོགས་སྐོར་སོགས་ངོ་སྤྲོད་གནང་སོང་།

དེ་བཞིན་ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ཀྱིས་ཁོང་རྣམ་གཉིས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐོར་ངོ་སྤྲོད་གནང་ཡོད་པ་བཅས།