
༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༡༢ པའི་ཚེས་ ༢༥ ཉིན་གྱི་ཕྱི་དྲོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་དགའ་ལྡན་ཁྲི་ཐོག་ཁང་དུ། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༥ རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་གནང་ཡོད།

དེ་ཉིན་སྔ་དྲོ་ནས་ཉིན་གུང་བར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དང་། འབྲས་སྤུངས་སྒོ་མང་གྲྭ་ཚང་། འབྲས་སྤུངས་བླ་སྤྱི། རྭ་སྟོད་གྲྭ་ཚང་། བཀའ་བརྒྱུད་དགོན་པ། བཙུན་དགོན་བྱང་ཆུབ་ཆོས་གླིང་། དགའ་ལྡན་བླ་སྤྱི། དགའ་ལྡན་ཤར་རྩེ་གྲྭ་ཚང་། དགའ་ལྡན་བྱང་རྩེ་གྲྭ་ཚང་། རྙིང་མ་དགོན་པ་བཅས་སུ་རིམ་པས་གནས་མཇལ་ལ་ཕེབས་ཡོད་ཅིང་། དགོན་སྡེ་ཁག་ལ་ཕེབས་སྐབས་དགོན་སྡེ་སོ་སོའི་མཁན་པོ་དང་། ཕྱག་མཛོད་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་།

དཔལ་ལྡན་ཚོགས་གཙོ་མཆོག་དང་ལྷན། མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་བློ་གྲོས་ལགས་དང་། འབྲས་སྤུངས་བླ་སྤྱིའི་ཕྱག་མཛོད་ལས་རོགས་དགེ་བཤེས་ངག་དབང་ནོར་བུ་ལགས་རྣམ་གཉིས་ལྷན་བཅར་ཞུས་གནང་ཡོད།

འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ལ་ཕེབས་སྐབས། ཕྱག་མཛོད་དགེ་བཤེས་ཨ་ཏུག་ལགས་དང་། ཕྱག་མཛོད་དགེ་བཤེས་ཚུལ་ཁྲིམས་བློ་གྲོས་ལགས། ཕྱག་མཛོད་དགེ་བཤེས་གཡུལ་རྒྱལ་ལགས་བཅས་ནས་ཕེབས་བསུའི་སྣེ་ལེན་དང་། འབྲས་སྤུངས་སྒོ་མང་གྲྭ་ཚང་ལ་ཕེབས་སྐབས། ཕྱག་མཛོད་དགེ་བཤེས་སྐལ་བཟང་དཔལ་འབྱོར་ལགས་དང་། ཕྱག་མཛོད་དགེ་བཤེས་ཚེ་བརྟན་རྣམ་རྒྱལ་ལགས་རྣམ་གཉིས་ནས་ཕེབས་བསུའི་སྣེ་ལེན། འབྲས་སྤུངས་བླ་སྤྱིར་ཕེབས་སྐབས། ཕྱག་མཛོད་དགེ་བཤེས་ཡེ་ཤེས་ཚེ་སྒྲུབ་ལགས་དང་། ཕྱག་མཛོད་དགེ་བཤེས་བློ་གྲོས་ཉི་མ་ལགས་རྣམ་གཉིས་ནས་ཕེབས་བསུའི་སྣེ་ལེན། རྭ་སྟོད་གྲྭ་ཚང་ལ་ཕེབས་སྐབས། ཕྱག་མཛོད་དགེ་བཤེས་ཚེ་བརྟན་དབང་ཕྱུག་ལགས་དང་། ཕྱག་མཛོད་དགེ་བཤེས་ཤེས་རབ་ལགས་རྣམ་གཉིས་ནས་ཕེབས་བསུའི་སྣེ་ལེན། བཀའ་བརྒྱུད་དགོན་པར་ཕེབས་སྐབས། ཕྱག་མཛོད་རྒན་ཀརྨ་དར་རྒྱས་ལགས་ནས་ཕེབས་བསུའི་སྣེ་ལེན། བཙུན་དགོན་བྱང་ཆུབ་ཆོས་གླིང་དགོན་པར་ཕེབས་སྐབས། མཁན་པོ་འཇམ་དཔལ་བརྩོན་འགྲུས་ལགས་དང་། ཕྱག་མཛོད་བསམ་གཏན་ཆོས་སྒྲོན་ལགས་རྣམ་གཉིས་ནས་ཕེབས་བསུའི་སྣེ་ལེན། དགའ་ལྡན་བླ་སྤྱིར་ཕེབས་སྐབས། ཕྱག་མཛོད་དགེ་བཤེས་བྱམས་པ་རྒྱལ་མཚན་ལགས་དང་། ཕྱག་མཛོད་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་ལགས་རྣམ་གཉིས་ནས་ཕེབས་བསུའི་སྣེ་ལེན། དགའ་ལྡན་ཤར་རྩེ་གྲྭ་ཚང་ལ་ཕེབས་སྐབས། ཕྱག་མཛོད་དགེ་བཤེས་བྱང་ཆུབ་ཐུབ་བསྟན་ལགས་དང་། ཕྱག་མཛོད་དགེ་བཤེས་ལེགས་ལྡན་ལགས་རྣམ་གཉིས་ནས་ཕེབས་བསུའི་སྣེ་ལེན། དགའ་ལྡན་བྱང་རྩེ་གྲྭ་ཚང་ལ་ཕེབས་སྐབས། ཕྱག་མཛོད་དགེ་བཤེས་བློ་བཟང་ཟླ་བ་ལགས་དང་། ཕྱག་མཛོད་དགེ་བཤེས་ངག་དབང་ཀླུ་སྒྲུབ་ལགས། དྲུང་ཆེ་རྒན་ཕུན་ཚོགས་ཚེ་རིང་ལགས་བཅས་ནས་ཕེབས་བསུའི་སྣེ་ལེན། རྙིང་མ་དགོན་པར་ཕེབས་སྐབས། མཁན་པོ་ཡོན་ཏན་བཟང་པོ་ལགས་དང་། ཕྱག་མཛོད་རྒན་བསྟན་འཛིན་རྡོ་རྗེ་ལགས་རྣམ་གཉིས་ནས་ཕེབས་བསུའི་སྣེ་ལེན་བཅས་ཞུས་གནང་སོང་བ་བཅས།

