
༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༡༠ པའི་ཚེས་ ༩ ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་སུད་སི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧྥེ་བྷེ་ཡན་ གྱེབ་རེལ་ མོ་ལི་ནཱ་ (Fabian Gabriel Molina, Member of Parliament, Switzerland) མཆོག་གིས་སྣེ་ཁྲིད་པའི་སུད་སི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་དང་མཇལ་འཕྲད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུངས་དོན། སུད་སི་གཞུང་མང་གཉིས་ནས་བོད་མིའི་སྤྱི་ཚོགས་ལ་ཡུན་རིང་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ད་ལན་སུད་སི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ་དེ་ཧ་ཅང་གི་གལ་ཆེན་པོ་ཞིག་ལ་བརྩིས་ཀྱི་ཡོད། དེ་ཡང་ཕྱི་ལོ་ ༡༩༦༠ ནང་སུད་སིའི་ས་ཁམས་དཔྱད་ཞིབ་པ་ཊོ་ནི་ ཧེ་གན་ (Dr. Toni Hagen) ལགས་ཀྱིས་སུད་སིའི་བོད་མིའི་གཞིས་ཆགས་ཚོགས་པ་ (Verein Tibeter Heimstatten) ཞེས་པ་གསར་འཛུགས་ཀྱིས་རོགས་དངུལ་བསྡུ་རུབ་དང་། ༡༩༦༣ ལོར་སུད་སི་དབུས་གཞུང་གིས་བོད་མི་ ༡༠༠༠ ལེན་འཐུས་ཆོག་པའི་བཀའ་འཁྲོལ་ཐོབ་པ། ༡༩༦༤ ལོར་སུད་སི་ཇི་ནི་ཝར་སྐུ་ཚབ་དོན་གཅོད་ལས་ཁུངས་ཐོག་མར་བཙུགས་པ། ༡༩༦༨ ལོར་རི་ཁོན་ཆོས་འཁོར་དགོན་པ་གསར་བཞེངས། ༡༩༧༣ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སུད་སིར་ཐོག་མར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པ། རིམ་པས་སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། སུད་སི་མི་མང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་གསར་འཛུགས་གནང་བ་སོགས་སུད་སི་གཞུང་མང་གཉིས་ཀྱི་ཐོག་ནས་བོད་དོན་ཐོག་ད་བར་མཐུན་འགྱུར་རྒྱབ་སྐྱོར་གནང་ཡོད་པ་རེད། དེ་ལྟར་སུད་སི་དང་། རྒྱ་གར། ཨ་རི། ཉི་འོང་སོགས་ཀྱི་གཞུང་དང་། མི་མང་ནས་མཐུན་འགྱུར་རྒྱབ་སྐྱོར་མུ་མཐུད་གནང་བར་བརྟེན་ནས་བཙན་བྱོལ་ནང་བོད་མི་ཚོས་སོ་སོའི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད།

བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་གསུངས་དོན། ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་ངོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩི་བྱས་པའི་ཉིན་གཅིག་གི་རྗེས་ལ། ཞི་ཅིང་ཕིང་རྒྱ་ནག་ལ་ཕྱིར་ལོག་བྱས་ཡོད་པ་དང་། ཁོང་དང་མཉམ་དུ་སླེབས་མཁན་གྱི་རྒྱ་ནག་གི་འགོ་ཁྲིད་ཚོ་མངའ་རིས་དང་། གཞིས་ཀ་རྩེ། ལྷོ་ཁ། ནག་ཆུ། ཆབ་མདོ་བཅས་གྲོང་ཁྱེར་ཆེ་ཁག་ལ་ཚོགས་ཆུང་ཆ་བགོས་བྱས་ཏེ། རྒྱ་ནག་གི་སྐད་ཡིག་བཀོལ་སྤྱོད་ཤུགས་ཆེར་གཏོང་རྒྱུ་དང་། མི་རིགས་མཉམ་བསྲེས་བྱ་རྒྱུའི་རྣམ་པ་ཁྱབ་སྤེལ་ཤུགས་ཆེར་བྱེད་དགོས་པའི་ཐོག་སློབ་གསོ་ཤུགས་ཆེ་བྱས་འདུག དེ་བཞིན་བོད་ཀྱི་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་ཐོག་ལ་ཤུགས་ཆེན་པོ་བཤད་བསྡད་ཀྱི་འདུག ལོ་སྔོན་མར་རྒྱ་གཞུང་གིས་འདོན་སྤེལ་བྱས་པའི་རྒྱབ་ཤ་དཀར་པོའི་ནང་༧རྒྱལ་བ་རིན་པོ་ཆེའི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐོག་རྒྱ་གཞུང་གི་ཆོག་མཆན་དགོས་ལུགས་དང་། གསེར་བུམ་དཀྲུགས་ནས་བསྐོ་གཞག་བྱེད་དགོས་སྐོར་སོགས་༧སྐུའི་ཡང་སྲིད་སྐོར་ལ་ཤུགས་ཆེན་པོ་བཀོད་འདུག རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོའི་ཐོག་ནས་བེད་སྤྱོད་ལོག་པ་གཏོང་བཞིན་ཡོད་པ་རེད། དེ་ནི་ནང་ཆོས་ཀྱི་འགྲོ་ལུགས་དང་མ་མཐུན་པ་ཞིག་ཆགས་ཀྱི་ཡོད་རེད།

ཉེ་ཆར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཆོས་ཚོགས་ཐེངས་ ༡༥ པའི་ཐོག་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པ་དང་། ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ། གཞན་སུས་ཀྱང་ཐེ་བྱུས་མི་ཆོག་པའི་སྐོར་ལ་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་རེད།

གཞན་ཡང་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་དང་སྐད་ཡིག་བཀོལ་སྤྱོད་ཀྱི་རང་དབང་མེད་པ་དང་། རྒྱ་གཞུང་གིས་བོད་ནང་གི་གནས་ཚུལ་ཐོག་དམ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད། ལོ་བདུན་གོང་གི་གནས་ཚུལ་ཞིག་ད་ལྟ་གཞི་ནས་ཤེས་རྟོགས་བྱུང་བ་དེ་འདྲ་ཡོང་གི་ཡོད་རེད། དཔེར་ན། ཆོས་རྒྱལ་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་ཁམས་གོ་འཇོའི་ནང་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་། མི་རིགས་ལ་ཞེན་དགོས་པའི་སྐུལ་མ་གནང་བ། བོད་མི་རིགས་ལ་ཕན་ཐོགས་པའི་བྱ་བ་བསྒྲུབ་དགོས་པ་དང་། བོད་རིགས་ནང་ཁུལ་ལ་འཁྲུགས་འཛིངས་སོགས་བྱ་རྒྱུ་མེད་པའི་བསླབ་བྱ་གནང་བར་བརྟེན་ནས། རྒྱ་ནག་དམར་གཞུང་གིས་བཙོན་འཇུག་བྱས་ནས་སྐུ་བཀྲོངས་པ་དང་། ཆོས་ཕྱོགས་ཀྱི་འགྲོ་ལུགས་ཐོག་ནས་སྐུ་ཕུང་ཞུགས་འབུལ་གནང་བཅུག་མེད་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུངས་སོང་།

གཞན་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གིས། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་མིའི་མང་གཙོ་དབུ་བརྙེས་པ་ནས་བཟུང་སྐབས་དུས་སོ་སོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ལས་དོན་གནང་ཕྱོགས་ལ་འགྱུར་བ་ཇི་བྱུང་དང་། ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་ལས་དོན་གནང་ཕྱོགས་སྐོར་སོགས་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་ངོ་སྤྲོད་ཞིབ་ཕྲ་གནང་སོང་།
དེ་རྗེས་ཁོང་རྣམ་པས་བཙན་བྱོལ་ནང་འོས་བསྡུ་གནང་ཕྱོགས་དང་། མང་གཙོའི་ནང་བུད་མེད་ཀྱི་ཆ་ཤས་བཞེས་ཕྱོགས་སོགས་དང་འབྲེལ་བའི་ཐོག་དོགས་འདྲི་ཕུལ་བར་ལན་འདེབས་གསལ་བཤད་གནང་སོང་།

ཐེངས་འདིའི་སུད་སི་གྲོས་ཚོགས་འཐུས་མའི་སྐུ་ཚབ་ཚོགས་ཆུང་ནང་། སུད་སི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧྥེ་བྷེ་ཡན་ གྱེབ་རེལ་ མོ་ལི་ནཱ་ (Fabian Gabriel Molina, Member of Parliament, Switzerland) མཆོག་དང་། སུད་སི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ལིན་ཌ་ གྱེབ་རེ་ལཱ་ ཝན་ཊུ་རཱ་ (Linda Gabriela De Ventura, Member of Parliament, Switzerland) མཆོག སུད་སི་གྲོས་ཚོགས་འཐུས་མི་ལི་ནོ་རེ་ པོར་ཆེཊ་ (Leonore Porchet, Member of Parliament, Switzerland) མཆོག སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཐོ་མ་སེ་ བྷན་ཧར་ཌི་ བྷུ་ཆི་ལི་ (Thomas Bernhard Buchli, Secretary, Swiss Parliamentary Group for Tibet) མཆོག་བཅས་ཡོད་འདུག
མཇལ་འཕྲད་སྐབས་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་མཉམ་བཅར་ཞུས་འདུག་པ་བཅས།
