
༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༡༠ པའི་ཚེས་ ༨ ཉིན་རྒྱབ་ཆུ་ཚོད་ ༣།༠༠ པའི་ཐོག་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ་ཚོགས་ཆུང་ཞིག་དང་ལྷན་མཇལ་འཕྲད་གནང་སོང་།

ཐེངས་འདིའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ་ཚོགས་ཆུང་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས་དང་། དཔལ་འབྱོར་འདུ་འགོད་འགན་འཛིན་ལྕམ་སྐུ་ལི་ཛེ་ ལུཌ་ཝིག་ (Lizzy Ludwig, Director of Development) ལགས། དྲྭ་རྒྱའི་དོ་དམ་པ་ལྕམ་སྐུ་མོར་གྷན་ རེལ་ (Morgan Riehl, Digital Content Manager) ལགས་བཅས་ཀྱིས་གཙོས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་མི་ཁག་ཅིག་བཅས་ཕེབས་འདུག

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་སྐུ་མགྲོན་རྣམས་ལ་འཚམས་འདྲི་དང་སྦྲགས་གསུངས་དོན། ང་ཚོ་བཙན་བྱོལ་ལ་གྱར་ནས་ལོ་ངོ་ ༦༥ ལྷག་འགྲོ་ཡི་ཡོད་པ་དང་། དུས་ཚོད་དེའི་རིང་རྒྱ་གར་དང་། ཨ་རི། ཡུ་རོབ། ཉི་འོང་སོགས་རྒྱལ་ཁབ་མང་པོས་མུ་མཐུད་མཐུན་འགྱུར་རྒྱབ་སྐྱོར་གནང་བར་བརྟེན་ནས་བོད་མི་ཚོས་བཙན་བྱོལ་ནང་སོ་སོའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང་རྒྱུན་འཛིན་ཐུབ་པ་བྱུང་ཡོད། དེའི་ནང་ལའང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཁྱེད་རྣམས་ཀྱང་ཚུད་ཡོད་པ་རེད་ཅེས་དང་།

བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་ཏེ་གསུངས་དོན། ཉེ་ཆར་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་ངོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩི་བྱས་པའི་ཉིན་གཅིག་གི་རྗེས་ལ། ཞི་ཅིང་ཕིང་རྒྱ་ནག་ལ་ཕྱིར་ལོག་བྱས་འདུག ཁོང་དང་མཉམ་དུ་སླེབས་མཁན་གྱི་རྒྱ་ནག་གི་འགོ་ཁྲིད་ཚོ་བོད་ནང་གི་ས་གནས་སུ་ཚོགས་ཆུང་ཆ་བགོས་བྱས་ཏེ། རྒྱའི་སྐད་ཡིག་བཀོལ་སྤྱོད་ཤུགས་ཆེར་གཏོང་རྒྱུ་དང་། མི་རིགས་མཉམ་བསྲེས་བྱ་རྒྱུའི་རྣམ་པ་ཁྱབ་སྤེལ་ཤུགས་ཆེར་བྱས་པ་སོགས་ལོ་ལྔ་ཚན་ལྔ་ཚན་གྱི་སྲིད་བྱུས་ཐོག་ནས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་གཏོང་རྒྱུའི་ངན་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་གསལ་པོ་རེད་འདུག བོད་ནང་སོ་སོའི་སྐད་ཡིག་དང་། རིག་གཞུང་། སྤྱི་ཚོགས་ཐོག་ཞབས་ཞུ་སྒྲུབ་མཁན་རྣམས་ལ་མ་ཉེས་ཁ་གཡོག་བྱས་ནས་བཙོན་འཇུག་དང་བཀག་ཉར་བྱ་རྒྱུའི་གནས་སྟངས་ཆགས་བསྡད་ཀྱི་འདུག དཔེར་ན་ལོ་བདུན་གོང་གི་གནས་ཚུལ་ཞིག་ད་ལྟ་གཞི་ནས་ཧ་གོ་ཡི་ཡོད་རེད། ཆོས་རྒྱལ་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་ཁམས་གོ་འཇོའི་ནང་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་། མི་རིགས་ལ་ཞེན་དགོས་པའི་སྐུལ་མ་གནང་བ། བོད་མི་རིགས་ལ་ཕན་ཐོགས་པའི་བྱ་བ་བསྒྲུབ་དགོས་པ་དང་། བོད་རིགས་ནང་ཁུལ་ལ་འཁྲུགས་འཛིངས་སོགས་བྱ་རྒྱུ་མེད་པའི་བསླབ་བྱ་གནང་བར་བརྟེན་ནས། རྒྱ་ནག་དམར་གཞུང་གིས་བཙོན་འཇུག་བྱས་ནས་སྐུ་བཀྲོངས་པ་དང་། ཆོས་ཕྱོགས་ཀྱི་འགྲོ་ལུགས་ཐོག་ནས་སྐུ་ཕུང་ཞུགས་འབུལ་གནང་བཅུག་མེད་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུངས་སོང་།

གཞན་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གིས། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་མིའི་མང་གཙོ་དབུ་བརྙེས་པ་ནས་བཟུང་སྐབས་དུས་སོ་སོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ལས་དོན་གནང་ཕྱོགས་ལ་འགྱུར་བ་ཇི་བྱུང་། ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་ལས་དོན་གནང་ཕྱོགས་སྐོར་སོགས་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་ངོ་སྤྲོད་ཞིབ་ཕྲ་གནང་སོང་།

མཐར་སྐུ་མགྲོན་རྣམས་ཀྱིས་བཙན་བྱོལ་ནང་འོས་བསྡུ་གནང་ཕྱོགས་དང་། སྤྱི་འཐུས་ཀྱི་འོས་ཆོས་སོགས་དང་འབྲེལ་བའི་ཐོག་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ཕེབས་གནང་ཡོད་པ་བཅས།
