༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༣ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཞབས་སི་ པི་ ར་དྷ་ཀིར་ཤ་ནན་ (Shri C.P. Radhakrishnan) མཆོག་རྒྱ་གར་གྱི་སྲིད་འཛིན་གཞོན་པར་བདམས་ཐོན་དང་། ལས་ཁུར་དམ་འབུལ་ཞུས་གནང་བར་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག
དེ་ཡང་འཚམས་འཕྲིན་ནང་འཁོད་དོན། ངས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཞབས་སི་ པི་ ར་དྷ་ཀིར་ཤ་ནན་ (Shri C.P. Radhakrishnan) མཆོག་རྒྱ་གར་གྱི་སྲིད་འཛིན་གཞོན་པར་བདམས་ཐོན་དང་། ལས་ཁུར་དམ་འབུལ་ཞུས་པར་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་རྒྱ་གར་གྱི་སྲིད་འཛིན་གཞོན་པར་བདམས་ཐོན་བྱུང་བ་དེས། སྐུ་ཉིད་ཀྱི་དབུ་ཁྲིད་གནང་ཕྱོགས་དང་། རྒྱལ་ཁབ་ཀྱི་ཞབས་ཞུའི་མཛད་རྗེས་ལ་རྒྱ་གར་མང་ཚོགས་ཀྱིས་ཡིད་ཆེས་གདེང་འཇོག་ཆེན་པོ་གནང་གི་ཡོད་པ་མཚོན་གྱི་ཡོད།
རྒྱ་གར་གཞུང་མང་གཉིས་ནས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་། བཙན་བྱོལ་བོད་མི་རྣམས་ལ་མི་ལོ་དྲུག་ཅུ་ལྷག་གི་རིང་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སྐུ་ཉིད་ཀྱི་དབུ་ཁྲིད་འོག་མུ་མཐུད་རྒྱབ་སྐྱོར་གནང་བ་བརྒྱུད། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་སོ་སོའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། མི་རིགས་ཀྱི་ངོ་བོ། ཡུལ་གོམས་གཤིས་ལུགས་དང་བཅས་པ་མུ་མཐུད་སྲུང་སྐྱོབ་བྱེད་ཐུབ་ངེས་ཡིན།
སྐུ་ཉིད་ནས་སྲིད་འཛིན་གཞོན་པའི་ཐུགས་འགན་བཞེས་རིང་མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོངས་ལྡན་པ་ཡོང་རྒྱུའི་སྨོན་འདུན་ཞུ་རྒྱུ་དང་། རྒྱ་གར་གྱིས་མུ་མཐུད་འཛམ་གླིང་ནང་མང་གཙོ་དང་། བྱམས་བརྩེ། འཆམ་མཐུན་བཅས་ཀྱི་ཐོག་ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་འཁོད་འདུག་པ་བཅས།