དཔལ་ལྡན་ཚོགས་གཙོ་མཆོག་བོད་མིའི་ཆོས་ཚོགས་ཐེངས་ ༡༥ པའི་མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༸ པའི་ཚེས་ ༤ ཉིན་རྒྱབ་བཞུགས་སྒར་རྡ་རམ་ས་ལ་༸གོང་ས་༸ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཉིན་གྲངས་གསུམ་རིང་གོ་སྒྲིག་ཞུས་པའི་བོད་མིའི་ཆོས་ཚོགས་ཐེངས་ ༡༥ པ་དེ་བཞིན་རྒྱལ་ཁའི་ངང་མཇུག་བསྒྲིལ་གནང་སོང་།

སྐབས་དེའི་མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་དོན། འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས། དེ་རིང་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༥ པའི་ཐོག་ལ་ཆིབས་བསྒྱུར་སྐྱོང་མཁན་མཁན་སྤྲུལ་བླ་སློབ་ལས་སྣེ་རྣམ་པ་དང་། དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག འབྲེལ་ཡོད་ཆོས་རིག་ལས་ཁུངས་ཀྱི་ལས་བྱེད་རྣམ་པ་དང་། འདིར་ཕེབས་པའི་གནད་ཡོད་མི་སྣ་ཚང་མར་ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་དང་། སྒེར་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་རིང་ཆོས་ཚོགས་ཐེངས་ ༡༥ པ་དེ་དམིགས་བསལ་གྱི་དུས་ཚོད་ཅིག་ལ་འཁེལ་བསྡད་ཡོད་པ་རེད། ཆོས་ཚོགས་ཐེངས་དང་པོ་དེ་བཞིན་ཕྱི་ལོ་གཅིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གྲངས་ནང་ལ་ཐོག་མར་ཚོགས་པ་ནས་བཟུང་ད་ཆ་ཆོས་ཚོགས་ཐེངས་ ༡༥ བར་ཚོགས་ཐུབ་པ་བྱུང་ཡོད་རེད། ཐེངས་འདིའི་ཆོས་ཚོགས་ཐེངས་ ༡༥ པའི་ཉིན་དང་པོའི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་ཡོངས་ལ་ཡིག་ངག་གཉིས་ཀྱི་ཐོག་ནས་བརྙན་ལམ་བརྒྱུད་གསུང་འཕྲིན་ཕེབས་པའི་ནང་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཞལ་བཞེས་གཙང་མ་གནང་བ་དང་། དེར་ཆོས་ཚོགས་སུ་བཅར་མཁན་ཚང་མའི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་མཆིད་ལ་མཇུག་སྐྱོང་གི་གྲོས་ཆོད་བཞག་ཐུབ་པ། བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་དང་། བླ་ཆེན་རྣམ་པའི་སྐུ་ཚབ་ཐོག་ནས་བཀའ་སློབ་ཕེབས་པ། ང་ཚོ་ཆོས་ཚོགས་སུ་བཅར་མཁན་ཚང་མས་བཀའ་སློབ་ཉན་རྒྱུ་བྱུང་བར་བསྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཉིན་གཉིས་པའི་དུས་ཚོད་ལ་ཚོགས་བཅར་བ་རྣམ་པ་ཚོགས་ཆུང་ཁག་བཞིར་ཆ་བགོས་ཀྱིས་དོན་ཚན་དྲུག་གི་ཐོག་ལ་གྲོས་ཆོད་ཕྱོགས་བསྡོམས་བྱས་ནས་གཏན་འབེབས་ཞུས་ཐུབ་པ་དེ་ཡང་ཡག་པོ་བྱུང་སོང་བསམས་ཀྱི་ཡོད། དེ་རིང་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་དངོས་སུ་ཞལ་མཇལ་དང་གསུང་ཐོས། ཆོས་བརྒྱུད་ཁག་གི་དབུ་ཁྲིད་བསྟན་བདག་བླ་ཆེན་དང་། བླ་ཆེན་རྣམ་པའི་སྐུ་ཚབ་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་པོར་བརྟན་རྒྱུའི་ཐུགས་སྨོན་དང་། གསུང་བཤད་གནང་བ་སོགས་དེ་ཚོ་ཚང་མ་སྤྱི་ཡོངས་ལ་བལྟས་པ་ཡིན་ན། ང་ཚོ་བོད་མིའི་སྤྱི་མཐུན་བསོད་ནམས་ཀྱི་འབྲས་བུ་གཅིག་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད། ཕྱོགས་ཡོངས་ནས་ད་ལྟའི་ཆོས་ཚོགས་འདི་ཕུན་སུམ་ཚོགས་པ་བཀྲ་ཤིས་ལོ་ལེགས་ཡག་པོ་བྱུང་སོང་བས། དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གིས་དབུས་པའི་ཆོས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

འདི་ནས་མར་དམིགས་བསལ་ཞེ་པོ་ཞུ་རྒྱུ་མིན་འདུག ཚིག་ཁ་ཤས་ཤིག་ཞུས་ན་བསམས་སོང་། ང་ཚོས་ད་ལན་ཆོས་ཚོགས་ཐོག་གྲོས་ཆོད་བཞག་པ་རེད། གྲོས་ཆོད་དེ་ལག་ལེན་བསྟར་མཁན་ང་ཚོ་ཚོགས་བཅར་བ་རྣམ་པ་ཆགས་བསྡད་ཡོད་རེད། ཆོས་རིག་ལས་ཁུངས་ཀྱི་ཐོག་ནས་མཐུན་འགྱུར་དང་། འབྲེལ་མཐུད་བྱ་རྒྱུ་ཙམ་རེད་མ་གཏོགས་གྲོས་ཆོད་རྣམས་ང་ཚོ་ཚོགས་བཅར་བའི་ཐོག་ནས་ལག་ལེན་བསྟར་དགོས་པ་དང་། དེ་ཡང་དགོན་སྡེ་སོ་སོའི་ངོས་ནས་གྲོས་ཆོད་ལག་ལེན་བསྟར་དགོས་པའི་རིགས་གཅིག་དང་། ང་ཚོ་ཐུན་མོང་ཐོག་ལག་ལེན་བསྟར་དགོས་པའི་རིགས་གཅིག་སོགས་ཕྱོགས་ཡོངས་ནས་འགན་འཁུར་ཆེན་པོ་བཞེས་དགོས། ཆོས་ཚོགས་འདི་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུ་རྒྱུར་དུས་ཚོད་གང་ལ་གང་འཚམ་བཏང་བ་མ་ཟད། འགྲོ་སོང་ཡང་ཕོན་ཆེན་པོ་ཕྱིན་ཡོད་དུས། དེ་ཚོའི་གྲས་ཆུད་ཟོས་མི་འགྲོ་བའི་ཐོག་ནས་མ་འོངས་པར་གྲོས་ཆོད་རྣམས་མཇུག་སྐྱོང་ལག་བསྟར་བྱ་རྒྱུར་ཚང་མས་ནུས་པ་མཉམ་རུབ་ཐོག་ནས་འགན་འཁུར་བཞེས་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་ཅེས་དེ་གཅིག་ཞུ་རྒྱུ་ཡིན།

ད་ལྟ་གོང་དུ་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གིས་གསུངས་སོང་། བོད་མིའི་ཆེ་མཐོང་ཟེར་ནའང་མི་འདུག བོད་པ་ཞེས་པའི་དམིགས་བསལ་བའི་ཁྱད་ཆོས་ཞིག་ཡོད་བསྡད་པ་དེ། གཙོ་བོ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཐོག་ནས་དམིགས་བསལ་ཞིག་ཆགས་བསྡད་ཡོད། བོད་ཀྱི་ཆོས་ཀྱི་ཐོག་ནས་བསམ་བློ་བཏང་བ་ཡིན་ན། རྒྱ་གར་ནས་མདོ་སྔགས་ཆ་ཚང་བ་ཞིག་མཁན་སློབ་ཆོས་གསུམ་གྱིས་དུས་རབས་བརྒྱད་པའི་སྐུ་དུས་ནས་ད་ལྟ་བར་དུ་ཉམས་པ་མེད་པར་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་བྱེད་ཐུབ་པ་དེ་ང་ཚོ་བོད་པའི་དམིགས་བསལ་ཞིག་ཆགས་བསྡད་ཡོད་རེད། ཆོས་དང་རིག་གཞུང་དེ་དང་འབྲེལ་བའི་ཐོག་ནས་བོད་མི་ཟེར་དུས་སྤྱི་ཚོགས་ནང་དྲང་པོ་དང་། བདེན་པ། བྱམས་བརྩེ་ཅན་ཞིག་ཡིན་པ། རིག་གཞུང་ཡང་དེ་འདྲ་ཞིག་ང་ཚོར་ཡོད་པ་ཞིག་རྟོགས་ཐུབ་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། སྐད་ཡིག་ལྟ་བུར་མཚོན་ན། བཀའ་འགྱུར་པོད་བརྒྱ་ལྷག་ཙམ་དང་། བསྟན་འགྱུར་པོད་ཉིས་བརྒྱ་ལྷག་ཙམ་མདོར་ན་བཀའ་བསྟན་པོད་སུམ་བརྒྱ་ལྷག་ཙམ་ཆ་ཚང་བ་ཞིག་བོད་ཀྱི་སྐད་ཡིག་ཐོག་ལ་གནས་ཡོད་པ་རེད། སྤྱིར་འཛམ་བུ་གླིང་འདིིར་ནང་ཆོས་དར་སའི་ཡུལ་ལུང་མང་པོ་ཡོད་རེད་དེ། ཁོང་རྣམ་པའི་བསམ་བློའི་ནང་བོད་ཀྱི་ནང་ཆོས་དེ་དམིགས་བསལ་ཚད་དང་ལྡན་པ། ཁུངས་དག་མོ་ཡིན་པའི་ཡིད་ཆེས་དམིགས་བསལ་འདྲ་པོ་ཞིག་ཚུར་བོད་བརྒྱུད་ནང་བསྟན་ལ་སླེབས་བསྡད་ཀྱི་འདུག དེ་འདྲ་སླེབས་པ་དེའང་མདོར་ན་ཆོས་རྒྱལ་བཀའ་དྲིན་ཅན་ཚོ་དང་། མཁན་སློབ་ཆོས་གསུམ་གྱི་བཀའ་དྲིན་སོགས་ལ་བརྟེན་ནས་མདོ་སྔགས་ཆ་ཚང་བ་ཞིག་བོད་ཀྱི་སྐད་ཡིག་ཐོག་བསྒྱུར་བ་དང་། ད་ལྟའི་བར་དུ་མུ་མཐུད་གནས་ཐུབ་པ་དེ་ཞེ་པོ་གལ་ཆེན་པོ་ཆགས་བསྡད་ཀྱི་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་རྣམས་འཛམ་གླིང་གི་གཅེས་ནོར་ཡིན་ཞེས་ཡང་ཡང་གསུངས་ཡོོད་རེད་ལ། གཅེས་ནོར་ངོ་མའང་ཆགས་བསྡད་ཀྱི་ཡོད་རེད། རིག་གཞུང་དེ་བྱམས་བརྩེའི་འབྱུང་ཁུངས་འདྲ་པོ། འཛམ་གླིང་ཞི་བདེ་ཡོང་རྒྱུར་ཕན་ཐོགས་ཐུབ་པ་མང་པོ་ཞིག་ང་ཚོའི་ཆོས་དང་། རིག་གཞུང་ནང་ཡོད་བསྡད་པའི་གནས་སྟངས་ཆགས་བསྡད་ཀྱི་ཡོད་རེད། ནུབ་ཕྱོགས་རྒྱལ་ཁབ་ཁག་དཔལ་འབྱོར་གནས་བབ་སོགས་གང་ཅིའི་ཐད་ནས་ཡར་ཐོན་ཆགས་ཀྱི་ཡོད་ཀྱང་། རིག་གཞུང་གཏིང་ཟབ་པོ་དེ་འདྲ་མེད་སྟབས། ཕ་ཡི་ཉིན་མོ། མ་ཡི་ཉིན་མོ་ཟེར་བ་སྲུང་བརྩི་འདྲ་པོའི་ཐོག་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཙམ་མ་གཏོགས་ཉིན་མ་ཉིན་མར་བསམ་བློ་བཏང་ནས་བློ་ཉེ་པོ་ཡོང་ཐུབ་པ་དང་། བྱམས་བརྩེའི་ཐོག་གནས་ཐུབ་རྒྱུའི་ཁོར་ཡུག་ཉུང་ཉུང་ཆགས་བསྡད་ཀྱི་འདུག ང་ཚོའི་སྤྱི་ཚོགས་ནང་མར་སྐྱེ་བ་ནས་མ་འཆི་བར་མཉམ་གནས་ཐུབ་རྒྱུའི་ཁོར་ཡུག་དེ་ཡོད་དུས། ཕ་མ་དང་ཕྲུ་གུ་དབར་ཡིན་ནའང་འདྲ། བཟའ་ཚང་ཕན་ཚུན་ཡིན་ནའང་འདྲ། སྤྱི་ཚོགས་ནང་མཉམ་གནས་མ་ཐུབ་པའི་དཀའ་ངལ་དེ་མི་འདུག ང་ཚོའི་རིག་གཞུང་དེས་ཁྱད་པར་ཞེ་པོ་བཟོ་ཡི་འདུག རྣམ་པ་ཚོའི་ངོས་ནས་ཡིན་ནའང་ཐུགས་སྣང་གནང་ན་ཏན་ཏན་བློ་བསྐྱེད་འདྲ་བསམ་བློ་གཏོང་ས་གསར་པ་མང་པོ་ཞིག་རག་གི་རེད་བསམས་ཀྱི་འདུག དེའི་ཐོག་ནས་བོད་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་གཅིག་པ་ཆགས་བསྡད་ཡོད་རེད། དེ་ཡིན་དུས་དེ་ཚོའི་རིན་ཐང་ཉམས་བཞེས་བྱ་རྒྱུ་དང་སྤྱི་ཚོགས་གཞན་ལ་ངོ་སྤྲོད་བྱས་ནས་ཁྱབ་སྤེལ་གཏོང་ཐུབ་དགོས་པ་གལ་ཆེན་པོ་ཆགས་བསྡད་ཀྱི་འདུག དེ་ང་ཚོ་དགེ་འདུན་པ་དང་ཐད་ཀར་འབྲེལ་བ་ཆགས་བསྡད་པའི་རིག་གཞུང་ཞིག་ཆགས་བསྡད་དུས། ང་ཚོའི་ངོས་ནས་དུས་རྒྱུན་དུ་ཆོས་ནང་གང་གསུངས་པ་གཞིར་བཟུང་ལག་ལེན་བསྟར་ཐུབ་དགོས་པ་གལ་ཆེན་པོ་ཆགས་བསྡད་ཀྱི་འདུག ང་ཚོས་མར་གསུངས་ཡོང་དུས་བྱམས་པ་དང་། བརྩེ་བ། སྙིང་རྗེ་གསུངས། སོ་སོར་ཐུག་ཡོང་དུས། ལག་ལེན་བསྟར་མ་ཐུབ་པའི་གནས་སྟངས་དེ་འདྲ་ཡོང་བསྡད་ཀྱི་འདུག དེ་ཏན་ཏན་དགོངས་པ་བཞེས་ནས་ཉིན་རེའི་འཚོ་བའི་ནང་ལ་ལག་ལེན་བསྟར་ཐུབ་པ་ཡིན་ན་སོ་སོར་ཕན་ཐོགས་ཐུབ་པ་ཙམ་མ་ཟད། སྤྱི་ཚོགས་གཞན་ལ་ཕར་ངོ་སྤྲོད་བྱེད་དུས། ང་ཚོར་ཡིད་ཆེས་རྙེད་ཐུབ་པ་ཞིག་ཡོང་གི་འདུག དེ་ཚོའི་གྲས་མ་འོངས་པར་ང་ཚོས་རྒྱུན་འཁྱོངས་བྱེད་དགོས་པ་དེ་གལ་ཆེན་པོ་གཅིག་རེད་འདུག་ཅེས་ཞུ་རྒྱུ་ཡིན།

སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དེ་འགྲོ་བའི་བདེ་སྐྱིད་མ་ལུས་འབྱུང་བའི་གཞི་ངོ་མ་ཆགས་ཀྱི་ཡོད་པ་ང་ཚོས་ལུང་གི་ཐོག་ནས་གསུང་གི་ཡོད་རེད་ལ། རིག་པའི་ཐོག་སྒྲུབ་བསྡད་པ་ཞིག་ཆགས་བསྡད་ཡོད་རེད། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་བྱེད་པར། སློབ་དཔོན་དབྱིགས་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་ཅན། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པ་བྱེད་པ་ཁོ་ན་ཡིན། །ཞེས་པ་གསུངས་པ་ལྟར་དེའི་ཐོག་ལ་ཡིན་གཅིག་མིན་གཅིག་དགོངས་པ་བཞེས་དགོས་ཀྱི་འདུག དེང་སང་ང་ཚོ་ནུབ་ཕྱོགས་ཀྱི་རིག་གཞུང་གི་ཤན་ཟེར་ནའང་མིན་འདུག མྱུར་པོ་ཞེ་པོ་དགོས་རྒྱུའི་ནུབ་ཕྱོགས་པའི་བསམ་བློ་དེའི་ཐོག་ནས་ང་ཚོའི་རིག་གཞུང་ནང་ཆོས་འཆད་ཉན་བྱེད་སྟངས་ཐོག་ལ་བསྲེས་ལྷད་ཡོང་བསྡད་པ་དང་། རིགས་གཅིག་སོ་སོས་རྟོགས་བཟོ་འདྲ་པོ་དང་། ཡང་རིགས་གཅིག་འདྲ་མཚུངས་འདྲ་པོ་བཟོས་ནས་སྤྱི་ཚོགས་གཞན་གྱིས་དོ་སྣང་ཡོང་ཐབས་དང་། དངུལ་བཟོ་རྒྱུའི་བསམ་བློ་གཏོང་མཁན་དེ་འདྲ་ཡོང་བསྡད་ཀྱི་འདུག དེ་ཚོའི་གྲས་ལ་གཟབ་གཟབ་བྱེད་དགོས་ཀྱི་འདུག སྟོན་པ་སངས་རྒྱས་བྱོན་ནས་ལོ་ངོ་ ༢༥༠༠ ལྷག་ཙམ་འགྲོ་ཡི་ཡོད་རེད། དེའི་བར་དུ་རྒྱུན་འཛིན་བྱས་ནས་བོད་བརྒྱུད་ནང་བསྟན་དེ་བཞིན་རྒྱལ་མཚན་ནང་བཞིན་སྒྲེང་ཐུབ་པ་དང་། ཉི་ཟླ་ནང་བཞིན་གསལ་ཐུབ་པའི་གནས་བབ་ཆགས་བསྡད་ཡོད་རེད། ནང་ཆོས་དེ་ལ་ལྷད་ཅིག་ཞུགས་ནས་ལོ་རྒྱུས་ཀྱི་ནག་ཐིག་ཅིག་ཆགས་སོང་བ་དང་། ད་ལྟའི་མི་རབས་ཐོག་ནས་དེ་ལ་འགྲེལ་བཤད་གཞན་པ་ཞིག་ཡོང་རྒྱུ་ཆགས་པ་ཡིན་ན་ཧ་ཅང་ཕངས་པོ་ཆགས་བསྡད་ཀྱི་ཡོད་རེད། དེང་སང་སྔོན་མ་དང་རྩ་བ་ནས་འདྲ་ཡི་མི་འདུག སྔོན་མ་འདྲ་ཡིན་ན་སྤྱི་ཚོགས་ཆུང་ཆུང་དགོན་སྡེ་དང་། གྲོང་གསེབ་འདིའི་ནང་གནས་པ་ལས་སྤྱི་ཚོགས་ཁྱོན་ཡོངས་ནང་ཁྱབ་ཀྱི་མིན་འདུག དེང་སང་སྤྱི་ཚོགས་དྲྭ་རྒྱ་སོགས་ཀྱི་ཐོག་ནས་སྤྱི་ཚོགས་ཁྱོན་ཡོངས་ལ་ཁྱབ་ཐུབ་ཀྱི་ཡོད་དུས། དེ་ཚོའི་ཐོག་ལ་ཐུགས་སྣང་གནང་ནས་ཆོས་བརྒྱུད་ཕན་ཚུན་ཡིན་ནའང་འདྲ། སོ་སོ་དང་འབྲེལ་བ་ཡོད་པ་ཡིན་ནའང་འདྲ། ནང་པ་སངས་རྒྱས་པའི་ཆོས་འཆད་ཉན་བྱེད་སྟངས་རེད། བཤད་སྒྲུབ་རྒྱུན་འཛིན་བྱེད་སྟངས་དེ་མདོ་སྔགས་དང་མཐུན་གྱི་མེད་པ་ཡིན་ན་དེར་ཡིན་གཅིག་མིན་གཅིག་ཚོད་འཛིན་གནང་ཐུབ་དགོས་ཀྱི་འདུག དེ་ལ་མིང་ག་རེ་ཡོད་ནའང་ཁྱད་པར་མེད། བླ་མའི་མིང་ཡོད་ནའང་འདྲ། སྤྲུལ་སྐུའི་མིང་ཡོད་ནའང་འདྲ། མཁན་པོའི་མིང་ཡོད་ནའང་འདྲ། གྲྭ་པ་དཀྱུས་མའི་མིང་ཡོད་ནའང་དེར་ང་ཚོས་འཛེམས་ཟོན་བྱ་རྒྱུ་མིན་འདུག དེ་ང་ཚོར་ཉེན་ཁ་ཆེ་ཤོས་རེད་འདུག བསྟན་པ་ལ་བསྲེས་ལྷད་ཅིག་བྱུང་ནས་སྒྲོ་བསྐུར་ཡོང་རྒྱུའི་གཞི་ཞིག་བཟོས་བསྡད་པ་ཡིན་ན་མ་འོངས་པར་རྒྱུན་འཛིན་ཚད་ལྡན་ཞིག་ཡོང་གི་མ་རེད། བཤད་སྒྲུབ་འཆད་ཉན་བྱེད་སྟངས་དེ་ཚོར་ང་ཚོ་སྲོལ་རྒྱུན་རང་ལ་གཞི་བཞག་ནས་མུ་མཐུད་དེ་ཚང་མས་དོ་སྣང་སླེབས་ཐུབ་རྒྱུར་དུས་རབས་དང་མཐུན་པའི་གང་གནང་དགོས་མིན་ཐོག་དགོངས་པ་བཞེས་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག ལུང་གི་བསྟན་པ་དེ་འཆད་ཉན་གྱི་ཐོག་ནས་གནས་དགོས་པ་ཆགས་བསྡད་ཡོད་དུས། ཐོས་པ་བྱེད་དགོས་པ་དང་། ལམ་བསླབ་པ་གསུམ་གྱི་ཉམས་ལེན་རྟོགས་པའི་བསྟན་པ་དེ་ཉམས་ལེན་གྱི་ཐོག་ནས་ཡོང་དགོས་ཀྱི་ཡོད་པ། དེ་ཡོང་བར་སོ་སོའི་ངོས་ནས་ཉམས་ལེན་གནང་དགོས་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་མི་རབས་རྒན་པའི་བླ་ཆེན་རྣམ་པས་བཀའ་ཆོས་གསུངས་པ་ཡིན་ན་དམིགས་བསལ་མ་འདྲ་བ་ཞིག་དང་། ཉམས་ལེན་གྱི་ཚད་ཡིན་ནའང་དམིགས་བསལ་མ་འདྲ་བ་ཞིག་ཡོད་བསྡད་པ་ང་ཚོས་མཇལ་ཐུབ་རྒྱུའི་གནས་བབ་ཡོད་རེད། ང་ཚོ་དཀྱིལ་འཁོར་འདིའི་ནང་ཡོད་མཁན་རྣམས་མང་བ་མི་རབས་གཞོན་པ་ཆགས་ཀྱི་འདུག མ་འོངས་པའི་མི་རབས་རྣམས་ལ་མིག་དཔེ་སྟོན་མཁན་ཞིག་ཆགས་ཀྱི་ཡོད་དུས། རྟོགས་པའི་བསྟན་པ་ཉམས་ལེན་དང་། ལུང་གི་བསྟན་པ་འཆད་ཉན་བྱེད་སྟངས་དེ་ཚོ་མདོ་སྔགས་ཀྱི་དཀའ་གནད་སེལ་ཐུབ་པ་ཞིག་དང་། སོ་སོའི་ངོས་ནས་ཉམས་ལེན་རྒྱུད་ལ་སྐྱེ་ཐུབ་པ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད་འདུག ཚད་མ་རྣམ་འགྲེལ་དེ་ཚོའི་ནང་ལོགས་ལ། སྟོན་པ་ཚད་སྒྲུབ་གནང་གི་ཡོད་དུས། ཚད་སྒྲུབ་གནང་རྒྱུར་དང་པོ་སོ་སོའི་ངོས་ནས་ཉམས་ལེན་ཚད་མ་ཞིག་སླེབས་ཐུབ་དགོས་ཀྱི་འདུག ཉམས་ལེན་ཚད་མ་ཞིག་སླེབས་མ་ཐུབ་པ་ཡིན་ན་ལུང་ཚད་མ་རྟོགས་ཐུབ་རྒྱུ་ཁག་པོ་འདུག ཉམས་ལེན་ཚད་མ་ཞིག་སླེབས་པ་ཡིན་ན་ལུང་ཚད་མ་ཡིན་པ་སོ་སོར་རང་བཞིན་གྱིས་ཡིད་ཆེས་གཅིག་སླེབས་ཐུབ་ཀྱི་འདུག ལུང་དེ་ཚད་མ་ཡིན་པར་ཡིད་ཆེས་སླེབས་སོང་བ་ཡིན་ན་ལུང་སྟོན་མཁན་གྱི་སྟོན་པ་ཡིན་ནའང་འདྲ། སོ་སོའི་བླ་མ་ཡིན་ནའང་འདྲ། དེ་ཡང་ཚད་མ་ཡིན་པ་ཞིག་རང་བཞིན་གྱི་ཡིད་ཆེས་སླེབས་ཐུབ་ཀྱི་འདུག དེ་ཡིན་དུས་མ་འོངས་པར་དེའི་ཐོག་ལ་ཚང་མས་ཤུགས་བརྒྱབ་ནས་དགོན་སྡེ་གྲྭ་ཚང་ནང་དུས་ཚོད་ཞེ་པོ་ཡོད་རེད། མི་ཚེ་གང་པོ་དུས་ཚོད་དེ་ལ་གཏོང་གི་ཡོད་རེད། དེང་སང་ནུབ་ཕྱོགས་ཀྱི་རིག་གསར་དེ་ཚོར་དུས་ཚོད་ལོ་བཅུ་བཅོ་ལྔ་འདྲ་པོ་དུས་ཚོད་བཏང་བ་གཞིར་བཟུང་གྲུབ་འབྲས་བཏོན་གྱི་འདུག ང་ཚོའི་ངོས་ནས་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་དམིགས་བསལ་གྱིས་ནང་ཆོས་ལ་དོ་སྣང་སླེབས་ཐུབ་པ་ཞིག་དང་། སོ་སོ་ཡིན་ནའང་གདེང་ཚོད་དང་ལྡན་པ་ཞིག་ཡོང་ཐུབ་པ། དགོན་པ་གྲྭ་ཚང་ཡིན་ནའང་འཆད་ཉན་ཡག་པོ་ཞིག་བཙུགས་ཐུབ་དགོས་པ། ཉམས་ལེན་བྱེད་མཁན་གྱི་བླ་སྤྲུལ་དང་གྲྭ་པ་དཀྱུས་མ་ཚང་མ་ཚད་ལྡན་ཡོང་ཐུབ་རྒྱུར་འབད་བརྩོན་གནང་དགོས་པ་གལ་ཆེན་པོ་ཆགས་ཀྱི་འདུག དེ་འདྲ་ཞིག་བྱུང་བ་ཡིན་ན་བསྟན་པའི་རྒྱན་ཆགས་ཀྱི་རེད། དེ་འདྲའི་མི་གཅིག་བསྟན་རྒྱུ་ཡོད་ནའང་མིག་དཔེ་འཇོག་ས་ཞིག་ཆགས་བསྡད་ཀྱི་འདུག དེ་འདྲ་ཡོང་ཐུབ་པར་ཚང་མས་དགོངས་པ་བཞེས་ཐུབ་དགོས། དེ་འདྲ་ཡོང་མ་ཐུབ་པ་མ་རེད། དུས་རབས་བརྒྱད་པའི་ནང་ལོགས་ལ་རྗེ་འབངས་ཉི་ཤུ་རྩ་ལྔ་ཟེར་བ་ད་ལྟ་ང་ཚོས་ཞལ་ཐང་དང་ལོ་རྒྱུས་དངོས་སུ་མཇལ་རྒྱུ་ཡོད་རེད། དེའང་བོད་ནང་ལོགས་ལ་ཡོང་བ་ཡིན་དུས། ང་ཚོ་བོད་མིས་ཡོང་ཐུབ་པའི་དཔང་རྟགས་ཆགས་བསྡད་དུས། དེ་ཚོའི་ཐོག་ལ་དགོངས་པ་བཞེས་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན།

རྩ་བའི་ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ངོ་ ༦༦ འགྲོ་ཡི་ཡོད་རེད། དུས་ཚོད་དེའི་རིང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པའི་བཀའ་དྲིན་རེད། དེ་བཞིན་གནས་ཡུལ་རྒྱ་གར་དང་། བལ་ཡུལ་སོགས་བཙན་བྱོལ་བོད་མི་འདུ་སྡོད་བྱ་སའི་གནས་ཡུལ་གྱི་གཞུང་དང་མི་མང་གི་ཐོག་ནས་མཐུན་འགྱུར་གནང་བ་རྣམས་དུས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་རེད། དགོན་སྡེ་གྲྭ་ཚང་སོགས་ང་ཚོ་ས་གནས་གང་དུ་རྟེན་གཞི་ཆགས་ཀྱི་ཡོད་ནའང་ཡུལ་མི་མཉམ་དུ་མཐུན་ལམ་ཡག་པོ་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག ཡུལ་མིའི་ཕྲུ་གུ་རྣམས་ལ་རྔན་པ་འདྲ་པོ་སྤྲོད་ཐུབ་པ་ཡིན་ན། ནམ་ཞིག་ཁོང་རྣམས་འཚར་ལོངས་བྱུང་སྐབས་རང་བཞིན་གྱིས་ང་ཚོའི་སྤྱི་ཚོགས་དང་ཉེ་པོ་ཞེ་པོ་ཆགས་ཡོང་གི་འདུག དེ་ཡིན་དུས་ཡུལ་མི་དང་། སྤྱི་ཚོགས་མཉམ་དུ་མཐུན་ལམ་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་ཞེ་པོ་རེད་འདུག དེ་སངས་རྒྱས་ཀྱི་བསྟན་པ་གནས་པའི་རྒྱུ་ཞིག་ཀྱང་ཆགས་ཀྱི་འདུག

ཁ་སང་གྲོས་ཆོད་ནང་སླེབས་པ་གཞིར་བཟུང་དེང་སང་དུས་ཚོད་ལ་ང་ཚོས་སྤྱི་ཚོགས་ནང་ཞབས་ཞུ་བསྒྲུབ་རྒྱུ་དེ་ཡང་ཧ་ཅག་གི་གལ་ཆེན་པོ་ཆགས་ཀྱི་འདུག ཚང་མ་གྲུབ་ཆེན་དང་། སྒོམ་ཆེན། མཁས་པ་ཆགས་རྒྱུའི་གོ་སྐབས་ཡོད་ཀྱང་དེ་ལྟར་ཡོང་གི་ཡོད་མ་རེད། རིགས་གཅིག་གིས་གོ་སྐབས་དེ་ཟིན་ནས་སྤྱི་ཚོགས་ནང་ཞབས་ཕྱི་ཞུ་རྒྱུ། དཔེར་ན། ཡེ་ཤུས་མཚོན་པའི་ཆོས་ལུགས་གཞན་མང་པོ་ཞིག་གིས་སློབ་གྲྭ་དང་སྨན་ཁང་བཙུགས་པ་སོགས་སོ་སོ་གནས་སའི་སྤྱི་ཚོགས་ནང་ཞབས་ཞུའི་ལས་དོན་རྒྱ་ཆེ་སྤེལ་གྱི་འདུག དེའི་ཐོག་ནས་སྤྱི་ཚོགས་ནང་ཤུགས་རྐྱེན་སླེབས་ནས་ཆོས་ལུགས་གྱུར་བའི་གནས་སྟངས་དེ་འདྲ་ཡོང་བསྡད་ཀྱི་འདུག ང་ཚོ་བོད་ནང་པ་སངས་རྒྱས་པའི་ཐོག་ནས་དེ་སྔ་དེ་འདྲ་བྱུང་ཡོད་རེད་དེ། སྤྱི་ཚོགས་ནང་ཤུགས་ཆེ་ཙམ་ཞབས་ཕྱི་ཞུ་དགོས་པ་གལ་ཆེན་པོ་རེད་བསམས་ཀྱི་འདུག དེ་ཡང་སྟོན་པའི་འཁོར་བསྡུ་བ་རྣམ་བཞིའི་ནང་། སྦྱིན་པ་གཏོང་བ། སྙན་པར་སྨྲ་བ། དོན་མཐུན་པ། དོན་སྤྱོད་པ་བཅས་དེར་འགྲེལ་བཤད་སྣ་ཚོགས་བརྒྱབ་ཀྱི་འདུག་ཀྱང་། གང་ལྟར་སྤྱི་ཚོགས་ནང་ཞབས་ཕྱི་ཞུ་རྒྱུ་གལ་ཆེན་པོ་ཡིན་པ་དེའི་ཐོག་ནས་ཤེས་ཀྱི་འདུག ཆོས་བརྒྱུད་རིས་སུ་མ་མཆིས་པ་ཚང་མའི་ཐོག་ནས་སོ་སོའི་ཉེ་འགྲམ་དང་སྤྱི་ཚོགས་གཞན་ནང་རྒྱ་ཆེ་ས་ནས་སྨན་ཁང་དང་སློབ་ཕྲུག་ལ་སློབ་ཡོན་མཐུན་འགྱུར། རྒན་རྒོན་ནད་མནར་རྣམས་ལ་སྨན་བཅོས་ཀྱི་དོད་གནང་རྒྱུ་སོགས་མཐུན་འགྱུར་སྦྱར་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད་རེད་ཅེས་དེ་གཅིག་སྙན་སེང་ཞུ་རྒྱུ་ཡིན།

ང་ཚོའི་ལས་འགན་གལ་ཆེ་བ་གཅིག་དེ། སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་པ་ལྟར་རེད། སངས་རྒྱས་ཀྱི་བསྟན་པ་དེ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་ཞེ་པོ་ཆགས་བསྡད་ཡོད། དེ་དང་མཉམ་དུ་རང་རེའི་སྤྱི་ཚོགས་ནང་དོ་སྣང་གནང་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག སྤྱི་ཚོགས་ནང་དོ་སྣང་གནང་མ་ཐུབ་པ་ཡིན་ན། དངོས་ཡོད་གནས་ཚུལ་མ་ཤེས་པར་གཅིག་གིས་གཅིག་བརྒྱུད་ནས་ཡོང་བའི་སྐད་ཆའི་ཐོག་ནས་ནོར་འཁྲུལ་ཡོང་བསྡད་པ་དེ་འདྲ་ཡོང་གི་འདུག སྤྱི་ཚོགས་ཀྱི་དངོས་ཡོད་གནས་ཚུལ་ཤེས་དགོས་པ་གལ་ཆེན་པོ་རེད་འདུག དེ་དང་མཚུངས་པའི་སྤྱི་ཚོགས་ནང་ཡིན་ནའང་འདྲ། ཆོས་ཉམས་ལེན་བྱེད་སྟངས་ཡིན་ནའང་འདྲ། ནུབ་ཕྱོགས་པའི་ཤོད་སྟངས་ཞིག་ལ། བྱ་བ་གང་བསྒྲུབ་ཀྱང་དམིགས་ཡུལ། ཡང་ན་དོན་ཚན་འདྲ་པོ་བསྒྲིགས་ནས་བསམ་བློ་གཏོང་གི་འདུག ང་ཚོའི་ནང་པའི་གཞུང་གི་ཐོག་ནས་བསམ་བློ་བཏང་ཡོང་དུས། དམིགས་ཡུལ་ཞིག་བསྒྲུབ་རྒྱུར་དོན་ཚན་བཞི་འདྲ་པོ་ཞིག་ཚང་དགོས་ཀྱི་འདུག དེ་ཡིན་དུས་དང་པོ་ཀུན་སློང་དང་། གཉིས་པ་སྦྱོར་བ་འཚེ་བ་མེད་པ། གསུམ་པ་བཟོད་སྒོམ། བཞི་པ་བློས་གཏོང་བཅས་དོན་ཚན་བཞི་དེ་དག་ཚང་བ་ཡིན་ན་བྱ་བ་གང་བྱས་པ་ཡིན་ནའང་བསྒྲུབ་ཐུབ་པ་དང་། ནུས་པ་དང་དམིགས་ཡུལ་ལྡན་པ་བཅས་ཡོང་ཐུབ་པ། དེ་ཡིན་དུས། ཐོག་མའི་ཀུན་སློང་དེ་གལ་ཆེན་པོ་ཞེ་པོ་རེད་འདུག ང་ཚོ་བྱང་ཆུབ་སེམས་པའི་མདོ་དེ་ཚོའི་ནང་གསུང་གི་ཡོད་རེད། བསམ་པ་དགེ་དང་མི་དགེ་བྱེ་བྲག་གིས། །དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འབྲངས། ། བསམ་པ་དགེ་བ་དང་མི་དགེ་བའི་དབང་གིས་དགེ་བ་དང་མི་དགེ་བ་ཆགས་འགྲོ་ཡི་ཡོད་རེད་མ་གཏོགས་གཟུགས་བརྙན་ལ་བལྟས་ནས་དེ་སྡིག་པའི་ལས་བྱེད་ཀྱི་འདུག དེ་དགེ་བའི་ལས་བྱེད་ཀྱི་འདུག་བསམ་བསམ་ཞིག་དགེ་བ་དང་མི་དགེ་བ་ཆགས་མ་ཐུབ་པའི་གནས་སྟངས་ཤིག་བཤད་ཀྱི་འདུག དེ་ཡིན་དུས་བྱ་བ་གང་མགོ་བརྩམས་ཀྱང་། ཀུན་སློང་བཟང་པོའི་ཐོག་ནས་འགྲོ་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག དེ་བཞིན་ང་ཚོའི་སྤྱི་ཚོགས་ནང་ཕྱག་ལས་གནང་ཡོང་དུས། སྦྱོར་བ་འཚེ་བ་མེད་པ་ཞེས་པ་ནང་ཆོས་ཐོག་ནས་འཚེ་བ་མེད་པའི་ལྟ་གྲུབ་དེ་གལ་ཆེན་པོར་བརྩིས་ཀྱི་ཡོད་རེད། གཞན་ལ་འཚེ་བའི་ལས་ཀ་ཞིག་ཡིན་ན་སོ་སོའི་ངོས་ནས་དོར་དགོས་པ་དང་། དེའི་ཐོག་ནས་བླང་དོར་གྱི་བྱ་བ་རང་བཞིན་སླེབས་བསྡད་པ་དེ་གལ་ཆེན་པོ་རེད་འདུག བཟོད་སྒོམ་ཟེར་དུས། མཚམས་རེ་ནུབ་ཕྱོགས་པས་ཀྱང་བྱ་བ་གང་ཞིག་འགྲུབ་པར་བཟོད་སྒོམ་བྱེད་དགོས་པ་དེ་བཤད་བསྡད་ཀྱི་འདུག ང་ཚོ་ནང་ཆོས་ནང་ལོགས་ལ་དེ་ཡོད་ཡོད་པ་རེད། བྱ་བ་བསྒྲུབ་མ་བསྒྲུབ་དང་། སྐད་ཆ་ཤོད་སྟངས་ཀྱི་ཐོག་ནས་སོ་སོའི་བློ་ལ་བབ་པོ་བྱུང་མ་བྱུང་དེ་འདྲ་ཡོང་བསྡད་ཀྱི་འདུག སོ་སོའི་ངོས་ནས་དེ་ཚོར་བཟོད་སྒོམ་བྱས་ནས་གདོང་ལེན་བྱེད་ཐུབ་དགོས་པ་གལ་ཆེན་པོ་རེད། བློས་གཏོང་ཞེས་པ་དེ་ཡང་གལ་ཆེན་པོ་རེད་འདུག སངས་རྒྱས་ཀྱི་གོ་འཕང་ཐོབ་པར་སོ་སོའི་ངོས་ནས་གཏམ་སྙན་གྲགས་སོགས་མི་ཚེ་འདིའི་བྱ་བ་ཚང་མ་བློས་གཏོང་བྱས་ནས་གཅིག་བྱས་ན་མ་གཏོགས་ལས་སླ་པོའི་ཐོག་ནས་སངས་རྒྱས་ཀྱི་གོ་འཕང་དང་། བྱང་ཆུབ་སེམས་པའི་སྤྱོད་པ་བརྩམ་ཐུབ་ཀྱི་མ་རེད། དེ་འདྲའི་ཐོག་ནས་དགོངས་པ་བཞེས་པ་ཡིན་ན་ཏན་ཏན་ཐུགས་ཕན་གསོ་ཡི་རེད་བསམས་ཀྱི་འདུག རྣམ་པ་ཚོ་མང་བ་མཁྱེན་པའི་བདག་པོ་རེད། ཡིན་ནའང་ས་བོན་གྱི་ཚུལ་འདྲ་པོ་རྣམ་པ་ཚོར་གྲོས་མགོ་འདྲ་པོ་ཞིག་ཞུས་པ་ཡིན།

དེ་བཞིན་ང་ཚོ་ཆོས་བརྒྱུད་ནང་ཕན་ཚུན་གྱི་མཐུན་ལམ་དེ་གལ་ཆེན་པོ་ཞེ་པོ་ཆགས་བསྡད་ཀྱི་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ད་ལྟའི་བར་དུ་ཕན་ཚུན་དམ་ཚིག་འོ་ཆུ་གཅིག་འདྲེས་འདྲ་པོ་ཆགས་བསྡད་ཡོད་རེད། ད་ལྟའི་ཆར་བོད་བསྟན་སྲིད་ཀྱི་གནས་སྟངས་ཉག་ཕྲ་བ་དང་དཀའ་ལས་ཁག་པའི་དུས་སྐབས་ཤིག་ལ་ངོས་འཛིན་བྱས་ན་མ་འགྲིག་པ་མེད་པའི་གནས་སྟངས་འདྲ་པོ་ཆགས་བསྡད་ཡོད་རེད། ང་ཚོ་བཙན་བྱོལ་ལ་ཡོད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་མཐོན་པོར་ཕེབས་ཀྱི་ཡོད་རེད། ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་དེ་གོང་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་ནང་བཞིན་རེད། མཚམས་རེ་གནས་ཚུལ་ཆུང་ཆུང་ཞིག་ལ་ཕར་སྒྲོ་འདྲ་བཏགས་ནས་སེལ་མ་ཐུབ་པའི་གནས་སྟངས་ཡོང་བསྡད་ཀྱི་འདུག དེ་འདྲའི་གནས་སྐབས་སུ་ཕན་ཚུན་བཟོད་བསྲན་དང་། གུ་ཡངས་གནང་རྒྱུ་གལ་ཆེན་པོ་རེད་འདུག གཙོ་བོ་ང་ཚོ་ཆོས་བྱེད་མཁན་རེད། རྣམ་པ་ཚོ་བརྒྱུད་ནས་སོ་སོ་འབྲེལ་བ་ཡོད་མཁན་རྣམས་ལ་གོ་བསྐོན་སློབ་གསོ་བྱས་ནས་མཐུན་ལམ་དང་གཅིག་སྒྲིལ་ཡོང་ཐུབ་རྒྱུར་དགོངས་པ་བཞེས་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག ང་ཚོ་ཆོས་ཚོགས་ཀྱི་མཐའ་མའི་གྲུབ་འབྲས་གང་ལ་གང་འཚམས་ཡག་པོ་བྱུང་བ་རེད། མ་འོངས་པའི་ཆོས་ཚོགས་ག་དུས་ཚུགས་ཐུབ་མིན་གཏན་ཁེལ་ཡོད་མ་རེད། ང་ཚོ་ཡང་ཡང་འཛོམས་རྒྱུ་མེད་དུས། དེ་རིང་གཅིག་འཛོམས་ཡོང་དུས་ཕན་ཚུན་གཅིག་གིས་གཅིག་ལ་ངོ་ཤེས་གནང་ནས་མ་འོངས་པར་མཐུན་པོ་ཡག་པོ་ཞིག་ཡོང་ཐུབ་རྒྱུའི་ས་བོན་འདྲ་ཞིག་བཞག་ཐུབ་ན་ཡག་པོ་ཡོད་རེད་བསམས་ཀྱི་འདུག ད་ལྟ་ང་ཚོ་ཆོས་ཚོགས་འདིའི་ནང་བླ་སྤྲུལ་སྐུ་བགྲེས་པ་ཡང་གང་ཙམ་ཕེབས་འདུག ཁོང་རྣམ་པ་ཆོས་ཚོགས་རྗེས་མའི་སྐབས་ཕེབས་ཐུབ་མིན་ཤེས་ཀྱི་མ་རེད། དེ་ཚོར་མིག་དཔེ་བལྟས་ནས་མ་འོངས་པར་ཆོས་བརྒྱུད་ནང་ཕན་ཚུན་མཐུན་ལམ་དང་། ཁོང་རྣམ་པའི་དགོངས་པ་བཞེས་ཕྱོགས་ལ་ཐུགས་སྣང་དང་། མི་རབས་རྗེས་མ་ལ་ཕན་ཐོགས་ཐུབ་པའི་མིག་དཔེ་ལེན་རྒྱུ་ཡོད་རེད་བསམས་ཀྱི་འདུག གོང་དུ་ཞུས་པ་ཚང་མ་རྣམ་པ་ཚོའི་དགོངས་པ་དཔྱད་གཞི་རང་ཡིན་མ་གཏོགས་དེ་འདྲ་གནང་དགོས་རེད་ཅེས་ཞུ་ཕོད་པ་དང་ཐུབ་པ་ཞིག་མིན་འདུག དེ་ཡིན་གཅིག་མིན་གཅིག་དགོངས་པའི་དཔྱད་གཞི་གནང་རོགས་ཞེས་ཞུ་རྒྱུ་ཡིན། ང་ཚོ་ཆོས་ཚོགས་ཀྱི་ཉིན་གྲངས་གསུམ་རིང་གི་ལས་རིམ་ཆ་ཚང་བ་ཞིག་བཀྲ་ཤིས་ལོ་ལེགས་ངང་བསྒྲུབས་གནང་སོང་། ང་རང་ཆོས་བརྒྱུད་སྤྱི་འཐུས་གཅིག་ཡིན་པའི་ཆ་ནས་ཆོས་ཚོགས་ནང་མཉམ་བཅར་ཞུ་རྒྱུ་བྱུང་བར་བསྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། མ་འོངས་པར་ཡང་ང་ཚོར་འདི་འདྲའི་འདུ་འཛོམས་ཡང་ཡང་ཡོང་བའི་རེ་བ་དང་སྨོན་འདུན་ཞུ་རྒྱུ་ཡིན།

མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། རླབས་ཆེན་ཐུགས་ཀྱི་དགོངས་བཞེད་མཐའ་དག་འགྲུབ་པ། རིས་སུ་མ་མཆིས་པའི་ཆོས་བརྒྱུད་ཚང་མ་མཐུན་ལམ་འོ་ཆུ་གཅིག་འདྲེས་ཀྱི་ཐོག་ནས་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་པོར་གནས་ཐུབ་རྒྱུར་ཚང་མས་ཐུགས་སྟོབས་ཞུམ་པ་མེད་པའི་ཐོག་ནས་འགན་ཁུར་ཆེ་བཞེས་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་ཞེས་གསུངས་སོང་།

གཞན་ཡང་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་ཆོས་ཚོགས་ཐེངས་ ༡༥ པའི་གྲུབ་དོན་སྙིང་བསྡུས་སྐོར་གསུང་བཤད་དང་། ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་ཡོད་པ་བཅས།