དཔལ་ལྡན་ཚོགས་གཙོ་མཆོག་གིས་རྒྱ་གར་ཧི་མ་ལ་ཡ་ན་ལཎྜའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་གཙོ་ཐེག་རྩེ་རིན་པོ་ཆེ་མཆོག་གིས་གཙོས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༦ པའི་ཚེས་ ༡༦ ཉིན་རྒྱབ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་ཧི་མ་ལ་ཡ་ན་ལཎྜའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ (Indian Himalayan Council of Nalanda Buddhist Tradition (IHCNBT)) ཀྱི་ཚོགས་གཙོ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་ (Padma Shree) བཞེས་མྱོང་མཁན་ཐེག་རྩེ་རིན་པོ་ཆེ་མཆོག་དང་། ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་མ་ལིང་མགོན་པོ་ལགས། ༧སྐྱབས་རྗེ་སོ་མང་རིན་པོ་ཆེ་མཆོག འཇིགས་མེད་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་མཆོག ཨ་ཀ་སྤྲུལ་སྐུ་ཆོས་རྗེ་རིན་པོ་ཆེ་མཆོག དགེ་བཤེས་བླ་མ་ཆོས་འཕེལ་བཟོད་པ་མཆོག མཁན་པོ་སུ་ཌིབ་རྟ་མང་ (Khenpo Sudeep Tamang) མཆོག དགེ་བཤེས་མ་བློ་བཟང་ཆོས་སྒྲོན་མཆོག་རྣམས་ཀྱིས་གཙོས་པའི་ཚོགས་པའི་འཐུས་མི་ཁག་ཅིག་དང་ལྷན་མཇལ་འཕྲད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་རྒྱ་གར་ཧི་མ་ལ་ཡ་ན་ལཎྜའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་གཙོ་ཐེག་རྩེ་རིན་པོ་ཆེ་མཆོག་གིས་དབུས་པའི་རིན་པོ་ཆེ་རྣམ་པ་དང་ཚོགས་མི་ལྷན་རྒྱས་ཡོངས་ལ་འཚམས་འདྲི་དང་སྦྲགས། བོད་ས་ཤོར་བ་ནས་བཟུང་ད་བར་ལོ་ངོ་ ༦༦ འགྲོ་ཡི་ཡོད་པ་དང་། དུས་ཚོད་དེའི་རིང་གནས་ཡུལ་རྒྱ་གར་གཞུང་དང་། ལྷག་པར་དུ་ཆོས་དང་རིག་གཞུང་གཅིག་པ་ཡིན་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ནི་ང་ཚོའི་བློས་ཐུབ་ཀྱི་གྲོགས་པོའམ་ནང་མི་ལྟ་བུ་ཞིག་ཆགས་ཡོད་པ་མ་ཟད། མུ་མཐུད་ཆོས་དང་རིག་གཞུང་ཐོག་ཤུགས་རྒྱག་བཞིན་ཡོད་པ།

ལྷག་པར་དུ་ཚོགས་པ་ཞིག་བཙུགས་ནས་དེའི་ཐོག་ནས་རྒྱ་གར་གཞུང་དང་འབྲེལ་བ་འཇོག་རྒྱུ། ནུབ་ལ་དྭགས་ནས་ཤར་མོན་བར་ང་ཚོ་ཆོས་དང་རིག་གཞུང་གཅིག་གྱུར་ཆགས་བསྡད་ཡོད་པ་དང་། ཆོས་ལ་མི་རིགས་དང་རྒྱལ་ཁབ་ཀྱི་དབྱེ་བ་མེད་པར། བསྟན་པ་དང་འགྲོ་བ་ལ་ཕན་པ་ཡིན་ན་སུ་ཡིན་ཡང་རྒྱུན་འཛིན་དང་ཉམས་ལེན་བྱེད་ཐུབ་དགོས་པའི་གནས་བབ་ཅིག་ཆགས་བསྡད་ཡོད་རེད། ད་ལྟའི་ཆར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པས་གཙོ་བོ་ཐུགས་ཁུར་གནང་བར་བརྟེན་ནས། འཛམ་གླིང་སྟེང་ནང་ཆོས་དར་ཁྱབ་ཤུགས་ཆེན་པོ་ཆགས་ཡོད་པ་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་ནང་ནས་ནང་ཆོས་ཀྱི་དགེ་བཤེས་ཐོན་མཁན་དང་། ཉམས་ཞིབ་པ་དེ་འདྲ་ཡང་མང་པོ་བྱུང་གི་ཡོད་རེད།

རྣམ་པ་ཚོ་རྒྱ་གར་གྱི་མི་སེར་ཆགས་ཀྱི་ཡོད་དུས། རྒྱ་གར་གཞུང་དང་འབྲེལ་བ་བྱས་ནས་ནང་པའི་རྒྱལ་ཁབ་ཐེ་ལན་ཌི་དང་། ཉི་འོང་། འབར་མ་སོགས་དང་འབྲེལ་བ་གནང་ནས་ནང་ཆོས་ཐོག་ཐོག་ནས་ཕན་ཚུན་མཉམ་ལས་བྱ་རྒྱུའི་གོ་སྐབས་ཡོད་དུས་དེའི་ཐོག་དགོངས་པ་བཞེས་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག་ཅེས་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས། རྒྱ་གར་དང་རྒྱལ་སྤྱིའི་ནང་བོད་དོན་ཞུ་སྐུལ་གནང་རྒྱུའི་ལས་རིམ། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ཉེ་ཆར་ཚོགས་ཟིན་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པའི་སྐོར་སོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་སྐོར་ངོ་སྤྲོད་གནང་སོང་།

 རྒྱ་གར་ཧི་མ་ལ་ཡ་ན་ལཎྜའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་གཙོ་ཐེག་རྩེ་རིན་པོ་ཆེ་མཆོག་གིས་གཙོ་བོ་གསུངས་དོན། ང་ཚོའི་དབར་ཡིག་ཆའི་ཁྱད་པར་ཙམ་མ་གཏོགས་ཚང་མ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སློབ་མ་གཅིག་གྱུར་ཡིན་པ་དང་། ཧི་མ་ལ་ཡ་ན་ལཎྜའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་དེ་ཡང་ཐོག་མར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་བྱིན་རླབས་འོག་གསར་འཛུགས་གནང་བ་ཞིག་དང་།

མ་འོངས་པར་ཡང་མུ་མཐུད་༧གོང་ས་མཆོག་གི་བཀའ་དགོངས་ལྟར་ལས་དོན་འགྲུབ་རྒྱུ་ཡིན་པ། བོད་ཀྱི་སྐད་ཡིག་ལ་རྒྱ་གར་གཞུང་གི་ཐོག་ནས་ངོས་ལེན་ཐོབ་ཡོད་པའི་སྐོར། རྒྱ་གར་གཞུང་གི་མཐུན་འགྱུར་རྒྱབ་སྐྱོར་གལ་ཆེན་པོ་ཡིན་པ་སོགས་གསུངས་པ་དང་། དྲུང་ཆེ་མཆོག་གིས་ཚོགས་པའི་དམིགས་ཡུལ་དང་ལས་དོན་སྐོར་སོགས་ངོ་སྤྲོད་གནང་ཡོད་པ་བཅས།