དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་བ།

༄༅། །འཛམ་གླིང་ཞི་བདེའི་དེད་དཔོན། བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས་དེ་རིང་ཕྱི་ཟླ་ ༩ པའི་གྲོས་ཚོགས་འདིའི་ཐོག་ལ་ཆིབས་བསྒྱུར་བསྐྱངས་པའི་དཔལ་ལྡན་སྲིད་སྐྱོང་མཆོག་དབུས་པའི་བཀའ་བློན་རྣམ་པ་དང་།  དེ་ག་ནང་བཞིན་དཔལ་ལྡན་ཚོགས་གཙོ་གཞོན་པ་མཆོག་དབུས་པའི་བཀུར་འོས་སྤྱི་འཐུས་རྣམ་པ། དེ་རིང་འདི་གར་ཟླ་ཤས་རིང་གི་རྗེས་ལ་སྐུ་གཟུགས་གསལ་ཐང་གི་ཐོག་ནས་གྲོས་ཚོགས་ཀྱི་ནང་ལ་ཕེབས་པ་དང་། ལྷག་པར་དུ་དཔལ་ལྡན་བཀའ་བློན་རྣམ་པ་གྲོས་ཚོགས་ཀྱི་ནང་ལ་བདམས་ཐོན་རྗེས་དམ་འབུལ་བྱས། དེའི་རྗེས་སུ་གྲོས་ཚོགས་ནང་ལ་ཕེབས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་དུས་ཚོགས་གཙོ་སྦྲེལ་པོ་གཉིས་ཀྱིས་དེའི་ཐོག་ལ་ཚང་མ་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་ཡི་ཡོད།

དེ་རིང་བཀུར་འོས་ཚང་མས་མཁྱེན་གསལ་རེད། ཕྱིི་ཟླ་ ༩ པའི་གྲོས་ཚོགས་འདི་ལས་བསྡོམས་ཀྱི་གྲོས་ཚོགས་ཆགས་ཀྱི་ཡོད་པ་རེད། ལས་བསྡོམས་ཀྱི་གྲོས་ཚོགས་དེའི་ནང་ལ་ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༣༡ བར་གྱི་ལྷན་ཁང་ཁག་གི་ལས་བསྡོམས་རྒྱས་པ་རྣམས་ལ་སྤྱི་འཐུས་རྒྱུན་ལས་ཀྱི་ཆབ་སྲིད་སྡེ་ཚན་དང་། རྒྱུན་འབྲེལ་སྡེ་ཚན། འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་བཅས་གསུམ་གྱིས་ཐུགས་ཞིབ་གནང་བའི་རྒྱུན་ལས་ཀྱིས་གཏན་འབེབས་བྱས་པའི་དྲི་བ་ཁག་ལྷན་ཁང་སོ་སོར་ཕུལ་བ་དེའི་ཐོག་ལ་བཀའ་ལན་ཞིག་ཕེབས་ཡོང་གི་ཡོད་པ་རེད། དེ་ག་ནང་བཞིན་ལས་བསྡོམས་བསྡུས་པ་དཔལ་ལྡན་བཀའ་བློན་ཚོས་སོ་སོའི་ལྷན་ཁང་དང་འབྲེལ་བའི་ལས་བསྡོམས་བསྡུས་པ་གྲོས་ཚོགས་ནང་ལ་སྙན་སེང་གནང་རྗེས་སྤྱི་ཡོངས་ཀྱི་དེའི་ཐོག་ལ་དོགས་འདྲི་དང་བགྲོ་གླེང་དགོས་པའི་གྲོས་འཆར་ཞིག་ཕེབས་ཀྱི་ཡོད་པ་རེད་ཅེས་ཞུ་རྒྱུ་ཡིན།

དེ་བཞིན་དེ་རིང་གི་གྲོས་ཚོགས་དེའི་ནང་ལ་མྱ་ངན་གུས་འདུད་ཀྱི་གྲོས་འཆར་ཁག་ལྔ་ཆགས་བསྡད་ཀྱི་ཡོད། མྱ་ངན་གུས་འདུད་ཀྱི་གྲོས་འཆར་དང་པོ་དེ། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་ནིའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རྒྱ་ནག་དམར་གཞུང་གིས་བོད་ལ་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་དང་། བོད་རང་བཙན་གྱི་ཆེད་དུ་སྐུ་ལུས་མེར་བསྲེགས་གནང་བར་བརྟེན་ནས་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢ ཉིན་འདས་གྲོངས་སུ་གྱུར་བ་དེའི་ཐོག་ལ་མྱ་ངན་གུས་འདུད་ཀྱི་གྲོས་འཆར་གཅིག གཉིས་པ་དེར།  སྐུ་ཚེ་གང་པོ་བོད་མིའི་སྒྲིག་འཛུགས་ཀྱི་ཐེམ་པ་རིམ་འཛེགས་ཀྱི་ཐོག་ནས་སྐུ་ལས་བསྐྱོན་མཁན་འཕྲོད་བསྟེན་བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་ལགས་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༡༡ ལ་སྐུ་ཚེའི་འཕེན་པ་རྫོགས་པ་དེའི་ཐོག་ལ་མྱ་ངན་གུས་འདུད་ཀྱི་གྲོས་འཆར་ཞིག་ཕེབས་ཀྱི་ཡོད། གསུམ་པ་དེར། བོད་ཀྱི་རྩ་དོན་རེད། བོད་ཀྱི་ཆོས་དང་རིག་གཞུང་དེ་ཚོའི་ཐོག་ལ་ལེགས་སྐྱེས་ཆེན་པོ་ཕུལ་མཁན་གྱི་སྙན་གྲགས་ཆེ་བའི་སྐུ་ཞབས་རོ་བྷརཊི་ཐར་ཕན་ (Robert Thurman) མཆོག་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༡༦ ལ་སྐུ་ཚེའི་འཕེན་པ་རྫོགས་པ་དེ་ལ་མྱ་ངན་གུས་འདུད་ཀྱི་གྲོས་འཆར་ཞིག་ཕེབས་ཀྱི་ཡོད་པ་རེད། བཞི་པ་དེར། བོད་ཀྱི་གྲོགས་པོ་དང་བོད་དོན་ཐོག་ལ་རྒྱུན་དུ་ནས་ཐུགས་ཁུར་གནང་བ་ཙམ་དུ་མ་ཟད་པའི་བོད་མི་ ༡༠༠༠ ཨ་རིར་གཞིས་སྤོས་དེའི་ཐོག་ལ་ཐུགས་ཞུར་གཙོ་བོ་བཞེས་མཁན་གྱི་གྲས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་སྐུ་ཞབས་བྷར་ནེ་ ཕེ་རིང་ཀ་ (Barney Frank) མཆོག་ཕྱི་ལོོ་ ༢༠༢༦ ཟླ་ ༥ ཚེས་ ༡༩ ཉིན་དགོངས་པ་རྫོགས་པ་དེའི་ཐོག་ལ་མྱ་ངན་གུས་འདུད་ཀྱི་གྲོས་འཆར་ཞིག་ཕེབས་ཀྱི་ཡོད། འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༦ ཉིན་བལ་བོད་ས་མཚམས་སུ་ཆུ་རུད་ཀྱིས་བལ་པོ་རེད། བོད་པ་རེད། དེ་བཞིན་རྒྱལ་སྤྱིའི་རྒྱལ་ཁབ་མང་པོའི་ཡུལ་སྐོར་སྤྲོ་འཆམ་པའི་ཚེ་སྲོག་ཤོར་བ་དང་། ཕ་མེས་ཡང་མེས་ནས་བསགས་པའི་རྒྱུ་ནོར་ལོངས་སྤྱོད་ཡོངས་རྫོགས་སྐར་མ་གཅིག་གི་ནང་ལ་འཕྲོ་བརླག་ཕྱིན་པ་དེའི་ཐོག་ལ་མྱ་ངན་གུས་འདུད་དང་། གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་འཆར་ཞིག་དེ་ལྟར་ཕེབས་ཀྱི་ཡོད་ཞུ་རྒྱུ་ཡིན།

དེ་ནས་ཁྲིམས་སྒྲིག་གི་ཐོག་ལ་ཆ་བཞག་པ་ཡིན་ན། རྒྱུན་ལས་ཀྱི་གྲངས་ཆ་སྤར་རྒྱུའི་ཐོག་ལ་སྤྱི་འཐུས་སྒེར་གྱི་བཅའ་ཁྲིམས་བསྐྱར་བཅོས་ཤིག་ཕེབས་ཀྱི་ཡོད། འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་བསྐྱར་བཅོས་ཤིག་ཕེབས་ཀྱི་ཡོད། དེ་ནས་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཁག་ཅིག་ཕེབས་ཀྱི་ཡོད་ཅེས་ཞུ་རྒྱུ་ཡིན།

དེ་དང་ཕྱོགས་མཚུངས་དུས་ནས་དུས་སུ་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་དེ་འཛུགས་དགོས་ཀྱི་ཡོད་པ་རེད། དེ་ཡིན་དུས་རྩིས་ལོ་ ༢༠༢༢་་་༢༠༢༣ ལོའི་རྩིས་ཞིབ་ཀྱི་སྙན་ཐོ་དེ་དག་ལ་ཞིབ་འཇུག་གནང་མཁན་གྱི་སྐབས་བཅུ་གསུམ་པའི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གཅིག་འཛུགས་རྒྱུའི་གྲོས་འཆར་ཞིག་ཕེབས་ཀྱི་ཡོད།

དེ་རིང་གི་གྲོས་ཚོགས་འདིའི་ནང་ལ་སྐུ་གཟུགས་ཀྱི་གནས་བབ་རྐྱེན་པས་སྤྱི་འཐུས་གཅིག་གྲོས་ཚོགས་ཆ་ཚང་ལ་ཕེབས་མ་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད། དེ་ནས་སྤྱི་འཐུས་གཞན་ཞིག་ཚེས་ ༡༦ ནས་ ༡༨ བར་ཉི་མ་གསུམ་དགོངས་པ་ཞུས་པའི་གནས་བབ་མ་གཏོགས། གཞན་དག་ཚང་མ་ཚང་འཛོམས་ཡིན་ཞེས་དེ་སྙན་སེང་ཞུ་རྒྱུ་ཡིན།

དེ་རིང་ང་ཚོ་གྲོས་ཚོགས་ར་བའི་ནང་ལ་འཛོམས་ཡོང་དུས་ཚང་མའི་སེམས་ནང་ལ་དྲན་ཤེས་བརྟན་པོ་ཞིག་དང་། སྐྱོ་ལྷང་ལྷང་ཡོད་བསྡད་པ་དེ་ག་རེ་ཆགས་ཀྱི་ཡོད་རེད་ཟེར་ན། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་བློས་བཏང་དེ་དང་། རྒྱ་ནག་དམར་གཞུང་གིས་བོད་ཐོག་ལ་ཁྲིམས་གཞི་གཏན་འབེབས་བྱས་པ་དེ་གཉིས་ང་རང་ཚོ་ཚང་མའི་སེམས་ནང་ལ་ཁྲ་ལྷམ་མེར་ང་རང་ཚོའི་སེམས་ནང་ལ་ཡོད་བསྡད་པ་ཞིག་རེད། དེ་འདྲ་ཡིན་དུས་རྒྱ་ནག་དམར་གཞུང་གི་རྒྱ་མིན་པའི་མི་རིགས་ཡོངས་རྫོགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་དཔེར་ན། མཐུན་སྒྲིལ་དང་ཡར་རྒྱས་ལ་ཁ་གཡར་གྱིས་འབག་གྱོན་ནས་རྒྱལ་སྤྱིའི་ཐོག་ལ་ཁྲིམས་དེ་ད་ལོའི་ཕྱི་ཟླ་ ༣ པའི་ནང་ལ་གཏན་འབེབས་བྱས་པ་རེད། ལག་བསྟར་དེ་ཕྱི་ཟླ་ ༧ ཚེས་ ༡ ནས་བྱས་པ་རེད། དེར་བརྟེན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་། དགག་པ་ཤུགས་ཆེན་པོ་ཡོད་ཅེས་ཡིག་ངག་གཉིས་ཀྱི་ཐོག་ནས་ཞུས་ཡོད་ལ། དེ་རིང་གྲོས་ཚོགས་ཀྱི་དེབ་ཐེར་ནང་ལ་གནས་པའི་ཆེད་དུ་འདི་ནས་གསལ་པོ་བྱས་ནས་ཞུ་ཡི་ཡོད། དེ་ཞུ་དགོས་པའི་རྒྱུ་མཚན་ག་རེ་རེད་ཅེས་ཞུས་པ་ཡིན་ན། མི་རིགས་མཐུན་སྒྲིལ་ཡོང་བ་ལ་མི་རིགས་གཞན་གཅིག་གི་ངོ་བོ་བརླག་དགོས་པ་དེ་མི་རིགས་རྩ་མེད་ཀྱི་སྲིད་བྱུས་རེད་མ་གཏོགས། མཐུན་སྒྲིལ་གྱི་སྲིད་བྱུས་མ་རེད་ཅེས་དེ་བྱས་ནས་ཞུ་ཡི་ཡོད།

གཉིས་པ་འདི་ཡར་རྒྱས་ཡོང་རྒྱུའི་ཆེད་དུ་མི་རིགས་གཅིག་གི་ཆོས་དང་། རིག་གཞུང་། སྐད་ཡིག དེ་ག་ནང་བཞིན་གྱི་གཤིན་པོའི་དུར་མཆོད་ཡན་ཆད་ནས་རྦད་དེ་འགྱུར་བ་གཏོང་དགོས་པའི་གནས་བབ་དེ་དག་ཡར་རྒྱས་ཀྱི་རྣམ་པ་མ་རེད། དེ་རིག་གཞུང་རྩ་གཏོར་གྱི་ངན་ཇུས་རེད། དེ་ཡིན་ཙང་ང་ཚོས་ངོས་ལེན་རྩ་བ་ནས་ཞུ་ཐུབ་ཀྱི་མི་འདུག་ཅེས་དེ་རིང་གྲོས་ཚོགས་ཀྱི་ར་བའི་ནང་ལ་ཞུ་རྒྱུའི་འདོད་པ་ཞིག་བྱུང་སོང་།

དེ་རིང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་སྲིད་བྱུས་ཟེར་བ་དེ་ལ་ང་ཚོས་སྦྱངས་པ་བྱས། དེའི་གནད་དོན་དེ་ཤེས་པ་བྱས། དེའི་གནད་དོན་དེ་དག་ང་ཚོས་རྒྱལ་སྤྱིའི་ཁྱོན་ཡོངས་ལ་གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱི་མིག་ཆུ་རེད། སྡུག་བསྔལ་རེད། དེ་དག་སེལ་ཐུབ་པའི་ཐོག་ལ་ང་རང་ཚོ་ཚང་མས་ནུས་པ་སྤུང་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད། དཔེར་ན། དེ་རིང་གི་ཁྲིམས་འཆར་འདིའི་ནང་ལོགས་ལ་སྔོན་གླེང་རྩིས་པའི་ལེའུ་བདུན་བྱས། དེའི་ནང་ལ་དོན་ཚན་དྲུག་ཅུ་རེ་ལྔ་ཡོད་བསྡད་པ་ཞིག་གསུང་གི་འདུག་གཱ། དོན་ཚན་དྲུག་ཅུ་རེ་ལྔ་དེ་དག་གི་ནང་ནས། དབྱེ་ཞིབ་པ་དང་མཁས་པ་ཚོས་རྒྱ་མིན་པའི་མི་རིགས་གཞན་དག་ཚང་མས་དེའི་ནང་ནས་གནད་དོན་བཅོ་ལྔ་ཞིག་དམིགས་བསལ་གྱིས་དོ་སྣང་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་གསུང་གི་ཡོད་རེད། རྩ་བའི་ཕྱོགས་ཡོངས་ནས་དོ་སྣང་བྱེད་དགོས་པ་ཞིག་ཡིན་པ་གཅིག་ལ། བཅོ་ལྔ་འདི་ཐད་ཀར་ཁོང་ཚོས་གྲངས་ཉུང་མི་རིགས་ཟེར་བ་དེ་ལ་འབྲེལ་བ་ཆགས་ཡོད་དུས། དེ་དག་ལ་ང་ཚོས་ངེས་པར་དུ་ཉམས་ཞིབ་བྱས། དེ་དག་རྒྱལ་སྤྱིའི་ཁྲིམས་དང་གང་འདྲ་འགལ་གྱི་འདུག་གམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དང་ག་རེ་འགལ་གྱི་འདུག་གམ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། མི་རིགས་ས་ཁུལ་རང་སྐྱོང་གི་ཁྲིམས་དང་ག་རེ་འགལ་གྱི་འདུག་གམ། དེ་དག་ང་རང་ཚོའི་སྒྲིག་འཛུགས་ཀྱི་ངོ་བོའི་ཐོག་ནས་འཛིན་སྐྱོང་གི་བཀའ་ཤག་གིས་དབུ་ཁྲིད་པའི་སྲིད་བྱུས་ཉམས་ཞིབ་ཁང་ཡོད་རེད། དེ་ག་ནང་བཞིན་འགྲོ་བ་མིའི་ཐོབ་ཐང་ཚན་པ་ཡོད་རེད། དེ་དག་ཚང་མས་དེ་དག་ང་ཚོས་དཔྱད་པ་བྱས་ཏེ་བོད་མིའི་སྒྲིག་འཛུགས་ཀྱིས་ག་རེ་ཞུ་གཏུག་བྱེད་པ་ཡིན་ནའང་ཞུ་གཏུག་དེ་དག་ལ་རྒྱབ་རྟེན་ཡོད་པའི་ཐོག་ནས་ང་ཚོས་ཞུ་གཏུག་བྱེད་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་འདུག་ཅེས་འདི་གནད་དོན་གཅིག་ཞུ་རྒྱུ་ཡིན། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བ་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་དེ་ག་དུས་ནས་ཁོ་ཚོས་ངན་ཇུས་བཤམས་འདུག་ཅེས་ལབ་པ་ཡིན་ན། རྩ་བའི་རྒྱ་ནག་དམར་གཞུང་ཆགས་པ་ནས་བཟུང་དེའི་འོག་ལ་གྲངས་ཉུང་མི་རིགས་ཚང་མ་མི་རིགས་མཉམ་བསྲེས་ཀྱི་ཐོག་ནས་མེད་པ་བཟོ་རྒྱུ་དེ་ཉམས་ཞིབ་པ་ཚོས་གསུང་སྟངས་ལ་ཁོང་ཚོའི་ཕུགས་ཀྱི་དམིགས་ཡུལ་རེད་བསྡད་འདུག་གཱ། ཡིན་པ་ཡིན་ནའང་དེ་རིང་ང་ཚོས་དོ་སྣང་བྱེད་སའི་ཁྲིམས་དེ་མགྱོགས་པོ་ཞེ་པོ་ཞིག་སླེབས་སྟངས་དེ་གང་འདྲ་རེད་འདུག་ཅེས་ཞུས་པ་ཡིན་ན། རྒྱ་ནག་དམར་གཞུང་གི་དྲུང་ཆེ་ཞི་ཅིན་ཕིང་ཁོ་རང་གི་དབང་ཆའི་འཐབ་རྩོད་འདི་སྲ་བརྟན་བཟོ་བའི་ཆེད་དུ་དེའི་མགྱོགས་ཚད་མྱུར་དུ་ཕྱིན་པའི་རྣམ་པ་ཞིག་ཡིན་པ་མཁས་པ་ཚང་མས་དེ་ལྟར་གསུང་གི་ཡོད་པ་རེད། དེ་ཡིན་དུས་དེ་ཡང་ཕྱི་ལོ་ ༢༠༠༢ ལོར་རྒྱ་ནག་དམར་གཞུང་གིས་རྒྱ་ནག་གི་ཤེས་ཡོན་ཅན་རྣམས་ལ་ག་རེ་ལབ་ཡོད་རེད་ཅེས་ལབ་པ་ཡིན་ན། གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐོག་ལ་བསམ་བློ་ནན་ཞིབ་བཏང་བྱས་ནས་དེའི་དཀའ་ངལ་སེལ་རྒྱུའི་ཐོག་ལ་ཐབས་ལམ་བཏོན་དགོས་ཀྱི་འདུག་ཅེས་ལབ་འདུག དེ་ལབ་པའི་འབྲས་བུ་དེ་ལ་ག་རེ་བྱུང་འདུག་ཟེར་ན། གྲངས་ཉུང་མི་རིགས་དེ་དག་རུབ་སྡོད་བྱེད་སའི་ས་ཆ་ནས་ཁ་ཕྲལ་ཏེ་རྒྱང་ཐག་རིང་དུ་བཏང་བྱས་གྲངས་ཉུང་མི་རིགས་དེ་དག་གི་དཀའ་ངལ་མེད་པ་བཟོ་རྒྱུའི་ཐབས་ཤེས་བྱེད་དགོས་རེད་ཟེར་བའི་འབྲས་བུ་དེ་བྱུང་འདུག དེ་བྱས་པའི་འབེན་དང་པོ་ག་པར་ལ་ཕོག་འདུག་ཅེས་ལབ་པ་ཡིན་ན། བོད་ཀྱི་འབྲོག་པ་ཚོ་ལ་ཕོག་ཡོད་པ་རེད། ཕྱི་ལོ་ ༢༠༠༢ ནས་བཟུང་བོད་ཀྱི་འབྲོག་པ་ཚོ་སོ་སོའི་ཕ་མེས་ཡང་མེས་ནས་སྡོད་སའི་འབྲོག་ས་དེ་དག་ནས་ཚང་མ་ཁང་པའི་ནང་དུ་སྤོས། འབྲོག་ལས་མ་གཞི་གཞན་གང་ཡང་མ་ཤེས་པའི་ན་གཞོན་ཁྱུ་དེ་དག་ལས་རྩོལ་འཕར་ཐོལ་ཞེས་པའི་མིང་བཏགས་ཏེ་རྒྱ་ནག་གི་རྒྱལ་སའི་ནང་དུ་རྒྱ་ནག་གི་གཡོག་པོར་བཏང་བྱས། སོ་སོའི་རྒྱལ་ཁབ་དང་ཁ་བྲལ། སོ་སོའི་ཕ་མེས་ནས་ལས་ཀ་བྱས་བསྡད་པའི་འབྲོག་ལས་དང་ཁ་བྲལ་བའི་གནས་སྟངས་འདུག་སེ་ཆགས་འདུག དེ་ནས་ག་རེ་བྱུང་འདུག་ཟེེར་བ་ཡིན་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཀྱི་ Regional National Autonomy ཞེས་མི་རིགས་ས་ཁུལ་རང་སྐྱོང་དེའི་ནང་ལ་ National  ཟེར་བའི་ཚིག་འདི་རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་མི་རིགས་རང་འགར་བ་ལ་གོ་ཡི་ཡོད་པ་དང་། དེ་ལ་ཆབ་སྲིད་ཀྱི་གནད་འགག་ཡོད་པའི་ཆ་ནས་ National ཟེར་བའི་ཚིག་འདི་བསྒྱུར་ནས་ད་ལྟ་བེད་སྤྱོད་གཏོང་བཞིན་པའི་ Ethnic ཟེར་བ་དེའི་སྐབས་སུ་བཏང་འདུག དུས་ཚོད་དེ་ག་རང་གི་སྐབས་དེ་ནས། བྱས་ཙང་དེའི་རྗེས་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་ནང་ལ་བཀའ་གནང་བ་ནང་བཞིན་རེད། མི་ཐོག་གཉིས་པའི་གྲངས་ཉུང་མི་རིགས་ཀྱི་སྲིད་བྱུས་ཟེར་བ་དེ་ཁོང་ཚོས་གཏན་འབེབས་བྱ་རྒྱུ་མགོ་བཙུགས་འདུག དེ་དག་ཚང་མའི་ངན་ཇུས་གང་རེད་ཟེར་ན། རྒྱ་མ་ཡིན་པའི་མི་རིགས་ཡོངས་རྫོགས་རྒྱ་རིགས་ལ་བསྒྱུར་རྒྱུའི་ངན་ཇུས་དེ་འདི་ཆགས་བསྡད་ཀྱི་ཡོད་རེད། དེ་ཡིན་དུས་ཙང་ནས་དེའི་དཀྱོག་མཚམས་དེ་ག་དུས་སླེབས་འདུག་ཞུས་པ་ཡིན་ན། ཕྱི་ལོ་ ༢༠༠༨ ལ་སླེབས་འདུག ཕྱི་ལོ་ ༢༠༠༨ ལ་འཛམ་གླིང་ཁྱོན་ཡོངས་ལ་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ས་བྱི་ཞི་རྒོལ་ཆེན་པོ་བྱེད་པའི་སྐབས་དེར་ཁོང་ཚོས་བསྡོམས་ག་རེ་བརྒྱབ་འདུག་ཅེས་ལབ་པ་ཡིན་ན། གྲངས་ཉུང་མི་རིགས་མེད་པ་བཟོ་བར་བཙན་དབང་གི་ཐོག་ནས་མེད་པ་བཟོ་རྒྱུ་དེ་ཡག་ཤོས་རེད་འདུག་ཟེར་བ་དེ་རྒྱ་ནག་གིས་བསྡོམས་འདི་བརྒྱབ་འདུག དེ་བརྒྱབ་པའི་རྗེས་ཀྱི་ཕྱི་ལོ་ ༢༠༠༩ ལོར་སྔོན་ལ་སྲིད་བྱུས་དེའི་འོག་ནས་གྲངས་ཉུང་མི་རིགས་ནང་ཁུལ་མཉམ་བསྲེས་ཀྱིས་གཉེན་སྒྲིག་གི་ཐོག་ནས་མེད་པར་བཟོ་རྒྱུའི་འབད་བརྩོན་སེམས་ཤུགས་སྤར་བྱས། དེའི་རྗེས་ལ་ལག་ལེན་བསྟར་རྒྱུ་དང་པོ་མགོ་བཙུགས་ནས་དེ་ཁྲིམས་མཐུན་ཚོད་ལྟ་བྱེད་ས་དང་པོ་དེ་ག་པར་ཆགས་ཀྱི་འདུག་ཟེར་ན། ཡུ་ནན་ཞིང་ཆེན་གྱི་བདེ་ཆེན་རང་སྐྱོང་ཁུལ་གྱི་ནང་ལོགས་ལ་དང་པོའི་ཚོད་ལྟ་ས་ཆ་དེར་བྱས་འདུག དེ་བྱས་ཚར་བའི་རྗེས་ལ་བོད་ཀྱི་དཀར་མཛེས་དང་། རྨ་ལྷོ། མཚོ་བྱང་། མཚོ་ནུབ། མཚོ་ལྷོ། ཡུལ་ཤུལ་བཅས་དེ་དག་ལ་ཁྲིམས་དེ་ཕྱི་ལོ་ ༢༠༡༠ ལོར་གཏན་འབེབས་བྱས། ཕྱི་ལོ་ ༢༠༡༢ ལོར་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཞོན་པ་ཡིན་ཟེར་མཁན་མིང་ལ་ཀྲུའུ་ཝེ་ཆོན་ (Zhu Weiqun) ཟེར་མཁན་གཅིག་གིས་གྲངས་ཉུང་མི་རིགས་ཀྱི་ཐོག་ལ་དཔྱད་རྩོམ་ཞིག་སྤེལ་ནས། ཁོ་རང་གིས་དེའི་ནང་ལ་གནད་འགག་ག་རེ་བཏོན་ཡོད་རེད་ཟེར་ན། གྲངས་ཉུང་མི་རིགས་རུབ་སྡོད་བྱས་ནས་སྡོད་ས་དེའི་ནང་ལ་སོ་སོ་མི་རིགས་གཅིག་ཡིན་བསམ་པའི་འདུ་ཤེས་དེ་ཡོད་རེད། མཉམ་རུབ་ག་ཚོད་བསྡད་པ་ཡིན་ནའང་འདུ་ཤེས་དེ་མེད་པ་བཟོ་ཐུབ་ཀྱི་མ་རེད། མི་རིགས་གཅིག་ཡིན་བསམ་པའི་འདུ་ཤེས་དེ་རྒྱལ་ཁབ་གཅིག་ཡིན་བསམ་པའི་འདུ་ཤེས་དེའི་སྒང་ལ་ཕྱིན་པ་ཡིན་ན་ཉེན་ཁ་ཆེན་པོ་ཞེ་དྲག་རེད། རྒྱལ་ཁབ་ཀྱི་མཐུན་སྒྲིལ་གྱི་ཆེད་དུ་ཉེན་ཁ་ཆེན་པོ་རེད། དེ་ཙམ་མ་ཟད་པའི་དེའི་ནང་ལ་ག་རེ་སྐྱེད་སྲིང་ཡོང་གི་རེད་ལབ་པ་ཡིན་ན། ཁ་བྲལ་གྱི་ལྟ་གྲུབ་སྐྱེད་སྲིང་ཡོང་བའི་ཉེན་ཁ་ཡོད་རེད་ཅེས་ལབ་ནས། དེ་ནས་བཟུང་བཅའ་སྡོད་སློབ་གྲྭ་རེད། སློབ་གྲྭ་སྒོ་རྒྱག་རྒྱུ་རེད། དེ་ནས་ང་རང་ཚོ་ལ་ངན་བྱུས་ཚང་མ་བཤམས་ཏེ། ང་ཚོ་ཚང་མས་སྐད་བརྒྱབ་བསྡད་པ་འདི་དག་དེ་ནས་མར་བྱུང་འདུག ཕྱི་ལོ་ ༢༠༡༩ དང་ཕྱི་ལོ་ ༢༠༢༠ ནང་ལ་བོད་རང་སྐྱོང་ལྗོངས་ཀྱི་ནང་ལ་མི་ཐོག་གཉིས་པའི་གྲངས་ཉུང་མི་རིགས་ཀྱི་སྲིད་བྱུས་ཟེར་བ་དེ་གཏན་འབེབས་བྱས་འདུག དེ་བྱས་པའི་སྐབས་སུ་གཞི་ནས་རྒྱལ་སྤྱིའི་ནང་དེ་ལ་ངོ་རྒོལ་བྱུང་འདུག ངོ་རྒོལ་བྱུང་བྱས་ནས་དཔེར་ན། ད་ལྟ་ཨ་རིའི་ཕྱི་སྲིད་དྲུང་ཆེ་དེའི་སྐབས་སུ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མརྐོ་རུ་བྷི་ཡོ་ (Marco Rubio) མཆོག་གིས་གྲོས་ཚོགས་ནང་ལ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག དེ་དག་ཚང་མ་ཉེན་ཁའི་སྒང་ལ་སླེབས་འདུག རང་དབང་ལ་དགའ་མཁན་གྱི་འཛམ་གླིང་གི་མི་མང་ཚང་མས་འདི་ལ་རྒྱབ་སྐྱོར་བྱེད་དགོས་ཀྱི་འདུག་ཅེས་གནས་ཚུལ་དེ་འདུག་སེ་བྱུང་འདུག་གཱ།

དེའི་རྗེས་སུ་ཕྱི་ལོ་ ༢༠༢༦ ལོར་ད་ལྟའི་ཁྲིམས་དེ་འདུག་སེ་བྱས་ནས་ཡོང་གི་ཡོད་རེད། དེ་འདྲ་ཡིན་དུས་ངས་འདི་ཞུ་དགོས་པའི་རྒྱུ་མཚན་གང་རེད་ཟེར་ན། རྒྱ་དམར་པོའི་སྲིད་གཞུང་གིས་བོད་འདི་གཅིག་ཡིན་བསམ་པའི་འདུ་ཤེས་དེ་ལ་འབེན་དུ་འཛུགས་ཀྱི་ཡོད་རེད། དེ་ཡིན་དུས་ང་རང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་དུས། འཐབ་རྩོད་བྱེད་པར་མཐུན་སྒྲིལ་དེ་མེད་དུ་མི་རུང་བ་ཆགས་ཀྱི་ཡོད་རེད། མཐུན་སྒྲིལ་བྱོས་ཟེར་དུས་ཚང་མ་དམར་པོ་བྱོས། ཚང་མ་དཀར་པོ་བྱོས་ཞེས་ཟེར་གྱི་ཡོད་མ་རེད། མཐུན་སྒྲིལ་གྱི་རྩ་བ་དེ་བཟོད་བསྲན་ཡིན་ལབ་པ་རེད། བཟོད་པ། བཟོད་པ་བྱེད་པ་ལ་གུས་བརྩི་དེ་དགོས་ཀྱི་རེད་ཟེར་གྱི་ཡོད་པ་རེད། དེ་འདྲ་ཡིན་དུས་ང་རང་ཚོ་འཐབ་རྩོད་བྱེད་མཁན་གྱི་མིའི་ནང་ལ་ང་རང་ཚོས་གཏན་ལ་ཕབ་པའི་བོད་གཞུང་གི་སྲིད་བྱུས་དེ་ག་རེ་རེད་ཟེར་ན། དབུ་མའི་ལམ་ཆགས་བསྡད་ཡོད་པ་རེད། དབུ་མའི་ལམ་དེ་ཡང་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། བགྲོ་གླེང་མང་པོ་བྱས་ནས་ང་ཚོས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཆགས་བསྡད་ཡོད་པ་རེད། བོད་གཞུང་གི་སྲིད་བྱུས་འདི་ཆབ་སྲིད་ཀྱི་དབུ་ཁྲིད་གཅིག་པུ་མ་ཡིན་པར་ཆབ་སྲིད་ཀྱི་འགན་འཁྱེར་མཁན་ཡོངས་རྫོགས་ཀྱིས་དེའི་ཐོག་ནས་བོད་ཀྱི་བདེ་བ་སྡུག་བསྔལ་སེལ་ཐབས་བྱེད་དགོས་པ་དེ་ང་རང་ཚོའི་མིང་རྒྱབ་འཁུར་གྱི་ལས་འགན་ཞིག་ཆགས་བསྡད་ཡོད་རེད། ཡིན་ནའང་སོ་སོ་སྒེར་ལ་ལྟ་བ་ལངས་ཕྱོགས་གང་ཡང་ཡོད་ཆོག་གི་ཡོད་རེད། ཡོང་སྲིད་ཀྱི་ཡོད་རེད། དེ་ཡིན་དུས་ང་རང་ཚོ་ལངས་ཕྱོགས་མ་འདྲ་བ་ལ་བརྟེན་ནས་ང་རང་ཚོའི་སེམས་ཀྱི་ནང་ལ་བོད་པ་ནང་ཁུལ་ལ་འཁོན་འཛིན་དང་། བོད་པ་ནང་ཁུལ་ལ་མ་མཐུན་པ་ཆགས་པ་ཡིན་ན་དེ་ང་ཚོའི་ཞན་ཆ་ཞིག་ཆགས་སྡོད་ཀྱི་ཡོད་དུས། དེའི་ཐོག་ལ་ང་རང་ཚོས་ངེས་པར་དུ་དགོངས་པ་བཞེས་དགོས་རྒྱུ། བསམ་བློ་གཏང་དགོས་རྒྱུ། སོ་སོས་གང་བྱས་པ་དེ་སོ་སོའི་ལྷག་བསམ་རྣམ་དག་གིས་དགོས་པ་རྒྱུ་མཚན་མང་པོ་ཞིག་ལ་གཟིགས་ནས་སོ་སོས་གནང་གི་ཡོད་པ་ཡིན་དུས། གཞན་དེ་དག་ཀྱང་དེ་ག་རང་ཡིན་ཤག་རང་གནང་བྱས་ནས། ང་རང་ཚོའི་ཁ་ཟུག་ས་དང་ཁ་གཏད་གཅོག་ས་དེ་རྒྱ་ནག་གི་མཁྲེགས་བཟུང་ཅན་གྱི་སྲིད་བྱུས་ལ་མ་གཏོགས་ནང་ཁུལ་ལ་མ་ཟུག་ན་ཡག་པོ་ཡོད་པ་དེ་ང་རང་ཚོའི་མཐུན་སྒྲིལ་དེ་གནས་ཐུབ་པའི་གཞི་མ་ཞིག་ཆགས་ཀྱི་ཡོད་རེད་བསམ་གྱི་འདུག དེ་ཡིན་དུས་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་ཞུ་བ་འཐེན་གནང་འདུག་གཱ། ཁྱེད་ཚོ་སྐུ་མཁྱེན། ཁོང་གིས་ཞུ་བ་འཐེན་པ་དེ་ད་ལྟ་ང་རང་ཚོ་དྲོད་མ་ཡལ་བར་སེམས་ནང་ལ་ཁྲ་ལྷམ་མེར། དྲང་ཏིག་ཏིག་ཅིག་ཡོད་བསྡད་པ་དེ་ང་ཚོས་གཅིག་མཚུངས་བྱེད་དགོས་ཀྱི་ཡོད་ན། དཔའ་བོ་རང་བཙན་བློ་དགའ་ལགས་གཙོས་པའི་དཔའ་བོ་ ༡༦༨ ཅིག་བོད་ཕྱི་ནང་གཉིས་ནས་བྱུང་ཡོད་པ་རེད། དེ་དག་ཚང་མས་བློས་བཏང་ལ་གདེང་འཇོག་གི་ཐོག་ནས་ངེས་པར་དུ་འགོ་ཁྲིད་ཚོས་བསམ་ཤེས་དགོས་ཀྱི་འདུག་ལ། རྒྱ་ཆེའི་མང་ཚོགས་ནས་ཀྱང་བསམ་ཤེས་དགོས་ཀྱི་འདུག་ཅེས་ཞུ་རྒྱུ་ཡིན།

ད་ལྟ་རྒྱ་ནག་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཅེས་པའི་ཁྲིམས་ཀྱི་ཐོག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཆ་བཞག་པ་ཡིན་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རེད། གྲོས་ཚོགས་རེད། དེ་ག་ནང་བཞིན་ཀླད་པའི་བང་མཛོད་རེད། ཡུ་རོབ་མཐུན་ཚོགས་རེད། ཆོས་ལུགས་ཁག་གི་དབུ་ཁྲིད་རེད། དེ་དག་ཚང་མ་ལ་དེབ་འཁོད་བྱས་པའི་ཡིག་གྲངས་ ༨༢༧ འདུག་སེ་བྱས་ནས་ཕུལ་ཡོད་རེད། དེ་དག་གི་ཐོག་ལ་ལན་སླེབས་རྒྱུ་དེ་ད་ལྟ་འགོ་བཙུགས་ཚར་སོང་། ང་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡི་གེ་བཏང་བ་དེ་དག་ལ་ལན་དང་པོ་འབྱོར་བ་དེ་ཇར་མ་ནི་ (Germany) ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནས་འདུག་སེ་ཕེབས་སོང་། དེ་ག་ནང་བཞིན་གཉིས་པ་དེ་སུད་སི་ (Swiss) ཡི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནས་ཕེབས་སོང་། གསུམ་པ་དེ་ཐའེ་ཝན་གྱི་སྲིད་འཛིན་མཆོག་ནས་ཕེབས་ཡོད། ང་ཚོ་ལ་རྒྱབ་སྐྱོར་གྱི་རྣམ་པ་དེ་རིམ་པས་ཐོན་བཞིན་པ་རེད། དེ་འདྲ་ཡིན་དུས་དེ་གཅིག་པུ་མ་རེད། དེ་ནས་སྐུ་ངོ་ཚོགས་གཙོ་གཞོན་པས་དབུ་ཁྲིད་པའི་རྒྱུན་ལས་ཚོགས་ཆུང་ཞིག་ཆེད་མངགས་དེའི་ཐོག་ལ། སྲིད་བྱུས་དེ་དང་འབྲེལ་བའི་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་བློས་གཏོང་དེ་དང་འབྲེལ་བའི་ཐོག་ནས་རྒྱ་གར་ཆར་དུས་ཀྱི་གྲོས་ཚོགས་ཚོགས་པའི་སྐབས་སུ་མར་ཕེབས་བྱས་ནས་གནད་ཡོད་མི་སྣ་གྲོས་ཚོགས་གོང་འོག་གི་འཐུས་མི་རེད། བློན་ཆེན་གཞོན་པ་རེད། གནད་ཡོད་མི་སྣ་ ༤༣ ཞིག་ལ་ང་ཚོའི་གནས་ཚུལ་དེ་དག་གསལ་བཀྲོལ་ཞུས་ཐུབ་པ་བྱུང་ཡོད་པ་རེད།

དེ་ག་ནང་བཞིན་བཀུར་འོས་སྤྱི་འཐུས་ཚང་མ་འཚམས་གཟིགས་སུ་ཕེབས་བྱས་ནས། ང་རང་ཚོའི་བཀོད་ཁྱབ་དང་འབྲེལ་བའི་ཕེབས་མ་ཐུབ་པ་གཅིག་གཉིས་ཤིག་ཡོད་རེད། དེ་མ་གཏོགས་གཞན་པ་ཚང་མ་འཚམས་གཟིགས་ལ་ཕེབས་བྱས་ནས། དེའི་སྐབས་སུ་ཡིན་ནའང་རྒྱུན་ལས་ཀྱི་ཐོག་ནས་ཁྲིམས་དེ་དང་། དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་བློས་གཏོང་དེ་དང་འབྲེལ་བའི་མང་ཚོགས་ལ་གསལ་བཀྲོལ་དགོས་རེད་ཅེས་མར་ཕུལ་བ་ནང་བཞིན་དེ་དག་བྱས་ཐུབ་ཡོད་རེད། བཀུར་འོས་སྤྱི་འཐུས་རྣམ་པ་མར་ཕེབས་ནས་ཡར་གྲོས་ཚོགས་ནང་ལ་འཛིན་སྐྱོང་ལ་མི་མང་གི་བདེ་སྡུག་ཞུ་རྒྱུ་ཡིན་ནའང་རེད། གྲོས་ཚོགས་ཀྱི་བྱེད་སྟངས་རྐྱེན་པས་འབོད་སྐུལ་ཞུས་ནས་གསལ་འདེབས་མང་པོ་ཞིག་སླེབས་ཡོད་པ་རེད། དེའི་ནང་དུ་ང་རང་ཚོ་སྤྱི་འཐུས་ལྷན་ཚོགས་ལ་བསྔགས་བརྗོད་ཀྱང་འདུག གྲོས་ཚོགས་སྐབས་དང་པོའི་སྐབས་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་བློན་འོས་གཞི་བཏོན་པ་དེ་དག་ཚང་མ་རྦད་དེ་ཚང་ཚང་ཧྲུག་ཧྲུག གང་བཏོན་པ་དེ་དག་ཡར་བདམས་ཐོན་བྱུང་བ་དེ་ལ་གྲོས་ཚོགས་ལ་བསྔགས་བརྗོད་གནང་བའང་བྱུང་འདུག ཡིན་པ་ཡིན་ནའང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱི་ནང་ལ་སྒོ་གསུམ་གྱི་སྤྱོད་པའི་ཐོག་ལ་ཕྲན་བུའི་རེ་བ་དེ་འདྲ་ཡོད་པ་དེ་འདྲའང་བཏོན་ཡོད་རེད། དེ་དག་ཚང་མ་ལ་ང་ཚོས་བློ་ངེས་བྱུང་བློ་ངེས་བྱུངཞེས་ལན་བརྒྱབ་ཡོད་རེད། ཡིན་པ་ཡིན་ནའང་རྒྱ་ཆེའི་མང་ཚོགས་ཀྱིས་ག་རེ་མཁྱེན་དགོས་ཀྱི་རེད་ཟེར་ན། བཀུར་འོས་སྤྱི་འཐུས་རྣམ་པས་འདིར་ཆ་ཤས་ག་རེ་ལེན་གྱི་ཡོད་པ་ཡིན་ནའང་། དེ་བོད་མིའི་སྒྲིག་འཛུགས་དང་རྒྱ་ཆེའི་མང་ཚོགས་ཀྱི་གནད་དོན་དང་འབྲེལ་བའི་གླེང་སློང་གནང་གི་ཡོད་རེད། གླེང་སློང་གནང་བའི་སྐབས་དེ་ལ་གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་ལ་ཕལ་ཆེར་དོན་ཚན་ ༨༡ པའི་ནང་ལ་ལྷན་ཚོགས་ཀྱི་ནང་ལ་སྒྲིག་ལམ་བསྟེན་ཕྱོགས་ཀྱི་དོན་ཚན་ ༢༥ ཞིག་ཡོད་རེད། དེ་དག་གི་ནང་ལ་བཀུར་འོས་སྤྱི་འཐུས་རྣམ་པས་ག་རེ་ག་རེ་གནང་དགོས་ཀྱི་ཡོད་མེད་ཚང་མ་བཀུར་འོས་སྤྱི་འཐུས་རྣམ་པ་ཚང་མས་མཁྱེན་གྱི་ཡོད་རེད་ལ། སྤྱི་འཐུས་གསར་པ་ཚོ་ལ་ཟབ་སྦྱོང་ཕུལ་བྱས། ཚང་མས་མཁྱེན་གྱི་ཡོད་རེད།

དེ་ག་ནང་བཞིན་གྲོས་ཚོགས་ནང་ལ་དྲི་བ་གནང་བའི་སྐབས་ལ་ཡིན་པ་ཡིན་ནའང་། དྲི་བ་དེ་དག་ཚང་མ་མང་ཚོགས་ཀྱི་གནད་དོན་དང་འབྲེལ་བ། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་དང་འབྲེལ་བ། དེ་འདྲའི་ཐོག་ནས་འདུག་སེ་བྱས་ནས་གནང་བསྡད་པ་ཞིག་ཚོགས་གཙོ་གཉིས་ཀྱིས་དེ་ལྟར་མཐོང་གི་ཡོད། ཡིན་པ་ཡིན་ནའང་ང་ཚོའི་སྤྱི་ཚོགས་ཀྱི་ནང་ལ་འོས་བསྡུའི་འཁྲུག་ཆ་དེ་རྦད་དེ་འཇའ་མ་ཡལ་བར་ད་དུང་ཡང་ལྷག་བྱས་ང་ཚོའི་མིག་ཤེལ་དང་མ་སོང་ན་ཚོན་ཁྲ་མ་འདྲ་བ་གཉིས་ནས་བལྟ་ཡོང་དུས། མ་འདྲ་བ་མ་འདྲ་བ་མཐོང་རྒྱུའི་ཉེན་ཁ་ཞིག་ཡོད་བསྡད་པ་རེད། དེ་ཡིན་དུས་ག་དུས་ཡིན་ནའང་བློ་གཟུ་བོར་གནས་བྱས། སུས་ག་རེ་བཀའ་མོལ་གནང་གི་འདུག་ནའང་དེ་དག དཔེར་ན། གྲོས་ཚོགས་ཀྱི་ནང་ལ་རྩོད་པ་སློང་བ་རེད། དེ་ག་ནང་བཞིན་རྒྱགས་གཏམ་གྱི་རིགས་རེད། དེ་འདྲ་ནི་ངན་སྨྲས་རིགས་རེད། དེ་དག་གནང་ཆོག་གི་ཡོད་མ་རེད། བཀུར་འོས་སྤྱི་འཐུས་རྣམ་པ་ཚང་མས་མཁྱེན་གྱི་ཡོད་རེད། དེ་ཡིན་དུས་ངེས་པར་དུ་ང་རང་ཚོས་ང་རང་ཚོ་འགྲིག་བསྡད་ཡོད་བསམ་གྱི་ཡོད་རེད་དེ། རྒྱ་ཆེའི་མང་ཚོགས་ཀྱིས་དེ་འདྲ་ཞིག་རེ་བ་གནང་བཞུགས་ཀྱི་ཡོད་དུས། དེ་ཚོའི་ཐོག་ལ་ང་ཚོ་རྟེན་བཞིའི་འཇུག་ལྡོག་མ་ནོར་པའི་ཐོག་ནས་ངེས་པར་དུ་དགོངས་པ་བཞེས་དགོས་པ་ཞིག་ཆགས་ཀྱི་རེད་ཅེས་ཞུ་རྒྱུ་ཡིན།

དེ་ནས་གཞན་དག་ཞུ་རྒྱུ་གང་ཡང་མི་འདུག དེ་ཡིན་དུས་དེ་རིང་ང་ཚོའི་གྲོས་ཚོགས་འདི་ལས་བསྡོམས་ཀྱི་གྲོས་ཚོགས་དང་ཉི་མ་དགུ་རེད། དེའི་ཐོག་ནས་གྲོས་ཚོགས་ཀྱི་ནང་ལ་ཡོད་པ་ཚང་མས་གྲོས་ཚོགས་ཀྱི་ལས་དོན་དེ་ལམ་ལྷོང་ཡོང་བའི་སྨོན་འདུན་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་། གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱི་མངོན་འདོད་ང་ཚོས་གང་ཐུབ་ཐུབ་བསྒྲུབ་རྒྱུའི་རེ་བ་དེའི་ཐོག་ནས་ངས་མཚམས་བཞག་གི་ཡིན། ཐུགས་རྗེ་ཆེ་གནང་།