
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༣ ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་རྡ་རམ་ས་ལ་མེག་གྷན་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་ནང་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མ་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་གཉིས་ཀྱིས་གོ་སྒྲིག་ཞུས་པའི་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་མཇུག་བསྒྲིལ་གནང་སོང་།

སྐབས་དེའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག གཞན་སྐུ་མགྲོན་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་འབྲེལ་མཐུད་པ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁི་རི་མེ་ལགས། ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་ཚོགས་གཙོ་སྐུ་ཞབས་ཨ་ནནྜ་ཀཱུ་མཱར་ (Dr. Anand Kumar) ལགས། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་ཟུང་སྦྲེལ་འབྲེལ་མཐུད་པ་སྐུ་ཞབས་སུ་རི་དྷར་ཀུ་མར་ (Surendhar Kumar) ལགས། རྒྱ་གར་ས་ཁུལ་འདྲ་མིན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་བཅས་ཁྱོན་ཚོགས་བཅར་བ་ ༢༣༠ ཙམ་ཕེབས་འདུག

མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་འདིར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པའི་མཇུག་བསྡོམས་མཛད་སྒོར་མཉམ་ཞུགས་བྱ་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་། ཁྱེད་རྣམ་པས་བོད་དོན་ཐོག་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བོད་དོན་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་བ་རྣམས་ང་ཚོས་ཧ་ཅང་གི་གལ་ཆེན་པོར་བརྩི་བཞིན་ཡོད་པས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཆགས་ཡོད།
བོད་དང་རྒྱ་གར་དབར་ལོ་ངོ་སྟོང་ཕྲག་དུ་མའི་རིང་ནས་ཆོས་དང་། རིག་གཞུང་གི་འབྲེལ་བ་ཟབ་མོ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཆགས་ཡོད་ཅིང་། ང་ཚོའི་ནང་ཆོས་དང་རིག་གཞུང་གི་འབྱུང་ཁུངས་འདྲ་པོ་དཔལ་ནཱ་ལེནྡྲའི་པཎ་གྲུབ་རྣམས་ཆགས་ཀྱི་ཡོད་པས། དུས་རྒྱུན་ང་ཚོས་རྒྱ་གར་ལ་ “འཕགས་པའི་ཡུལ་” ཞེས་གུས་བརྩི་ཆེན་པོས་འབོད་བཞིན་ཡོད།

ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་ཁྲིམས་འགལ་བཙན་བཟུང་བྱས་རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་ཁྲི་ཚོ་བརྒྱད་ཙམ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཞིང་། ད་བར་དུས་ཚོད་དེའི་རིང་རྒྱ་གར་གཞུང་མང་གཉིས་ཀྱིས་མཐུན་འགྱུར་རྒྱབ་སྐྱོར་གནང་བར་བརྟེན་ནས་བོད་མི་ཚོས་རང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཐུབ་པར་ཕན་ཐོགས་ཆེན་པོ་བྱུང་ཡོད། ལྷག་པར་དུ་རྒྱ་གར་གཞུང་གིས་བོད་ཀྱི་གནད་དོན་གྱི་གལ་གནད་རང་བཞིན་ལ་ངོས་འཛིན་དང་། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་ང་ཚོས་བདེན་པ་གཞིར་བཞག་འཚེ་མེད་ཞི་བའི་འཐབ་རྩོད་བྱེད་བཞིན་པ། རྒྱ་ནག་དམར་གཞུང་གིས་བོད་ནང་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེ་གཏོང་བཞིན་པ་དེར་གཞིས་བཞུགས་བོད་མི་ཚོས་སྙིང་སྟོབས་ཆེན་པོས་གདོང་ལེན་གནང་བཞིན་པའི་བོད་ནང་གི་དངོས་ཡོད་གནས་ཚུལ་རྣམས་འཛམ་གླིང་ཀུན་ནས་གསལ་པོར་མཐོང་བ་བཅས་ལ་བརྟེན་ནས་ད་ལྟའི་ཆར་བོད་དོན་ཐོག་རྒྱལ་སྤྱིའི་ནང་གཞུང་དང་། གྲོས་ཚོགས། མི་མང་བཅས་ནས་དམིགས་བསལ་གྱིས་དོ་སྣང་དང་རྒྱབ་སྐྱོར་ཐོབ་ཐུབ་པ་བྱུང་ཡོད།

ང་ཚོ་བཙན་བྱོལ་ལ་སླེབས་ནས་ལོ་ངོ་དྲུག་ཅུ་ལྷག་འགྲོ་བཞིན་ཡོད་པ་དང་། དུས་ཚོད་དེའི་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྙན་དང་བསླབ་བྱ་རྣམས་འཛམ་གླིང་ཀུན་ལ་ཁྱབ་ཡོད་པ་དེས། མགོན་པོ་གང་ཉིད་ཀྱི་རླབས་ཆེན་གྱི་མཛད་འཕྲིན་དང་། བོད་ཀྱི་ནང་ཆོས་ལས་བྱུང་བའི་རིག་གཞུང་གི་རིན་ཐང་ཡང་མཚོན་གྱི་ཡོད། དེང་གི་དུས་སུ་འགྲོ་བ་མིའི་བདེ་དོན་ཆེད་འཛམ་གླིངནང་ཞི་བདེ་དང་། བྱམས་བརྩེ། གཞན་ཕན་གྱི་བསམ་བློ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་བྱ་རྣམས་སྔར་ལས་དགོས་མཁོ་ཆེ་བ་ཆགས་བཞིན་ཡོད།
ཉེ་ཆར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁྱེད་རྣམ་པས་བརྟན་བཞུགས་བསྟར་འབུལ་ཞུས་པར་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མགོན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཞུ་རྒྱུ་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ་དང་། དེ་བཞིན་འཛམ་གླིང་ནང་རྒྱ་གར་གྱི་མང་གཙོ་དང་། ཆོས་ལུགས་མཐུན་སྒྲིལ། ཆོས་དང་རིག་གཞུང་སྐད་ཡིག་འདྲ་མིན་དབར་ཞི་བདེ་མཉམ་གནས་ཐུབ་པའི་མིག་དཔེ་བལྟ་ས་ཞིག་ཡིན་པ་གསུང་བཞིན་ཡོད།

ད་ཆ་འཛམ་གླིང་ནང་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་སྟངས་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པའི་སྐབས་སུ་རྒྱ་ནག་ནང་ལའང་དེ་བསྟུན་གྱི་་འགྱུར་བ་འགྲོ་ངེས་ཡིན་ཞིང་། དེ་འདྲའི་དུས་སྐབས་སུ་ཁྱེད་རྣམ་པ་ནི་ང་ཚོའི་བདེན་པའི་འཐབ་རྩོད་ཀྱི་གྲོགས་པོ་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་སོ་སོའི་ས་གནས་ནང་གང་ཐུབ་ཀྱིས་འབད་བརྩོན་གནང་བར་བརྟེན་ནས། ད་ཆ་རྒྱ་གར་མི་མང་རྣམས་ཀྱིས་བོད་དེ་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། བོད་ཀྱི་འཐབ་རྩོད་དང་རྒྱ་གར་གྱི་བདེ་འཇགས་དབར་ཐད་ཀར་འབྲེལ་བ་ཡོད་པ་ཤེས་རྟོགས་ཐུབ་པ་བྱུང་བར་གོ་སྐབས་འདི་བརྒྱུད་ཁྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེས་མ་ཟད། རྒྱ་ནག་དམར་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་དང་། མཐོ་སྒང་བོད་ཀྱི་ཁཔར་ཡུག་ཚད་མེད་གཏོར་སྐྱོན་གཏོང་བཞིན་ཡོད་པའི་སྐོར་རྒྱ་གར་མི་མང་ནང་ངོ་སྤྲོད་བྱ་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་མཟད། ལྷག་པར་དུ་རྒྱ་གར་གཞོན་སྐྱེས་ཚོས་བོད་ཀྱི་དངོས་ཡོད་ཀྱི་ལོ་རྒྱུས་དང་། ང་ཚོའི་དབར་གྱི་ཐུན་མོང་གི་འབྲེལ་བ་རྣམས་ཤེས་རྟོགས་བྱ་རྒྱུ་གལ་ཆེན་པོ་ཡིན་པས་ཁོང་རྣམས་ལ་དེ་དོན་སྐོར་ངོ་སྤྲོད་གནང་རོགས་ཞུ་རྒྱུ་ཡིན།

བོད་ནི་རྒྱ་གར་གཙོས་པའི་ཨེ་ཤི་ཡའི་ཡུལ་ལུང་མང་པོ་ཞིག་གི་མི་ས་ཡ་མང་པོའི་འཚོ་བའི་རྟེན་གཞིར་གྱུར་བའི་ཆུ་བོ་ཆེན་པོ་མང་པོ་ཞིག་གི་འབྱུང་ཁུངས་ཆགས་ཀྱི་ཡོད་དུས། དུས་རྒྱུན་བོད་ལ་ཨེ་ཤི་ཡའི་ཆུ་མཛོད་ཅེས་འབོད་སྲོལ་ཡོད། དེར་བརྟེན་དེ་འདྲའི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་བོད་མིའི་ཁེ་ཕན་ཙམ་མ་ཡིན་པར། ང་ཚོ་ཐུན་མོང་གི་འགན་འཁྲི་ཆགས་ཀྱི་ཡོད། ཁྱེད་རྣམ་པས་འདས་པའི་ཉིན་གཉིས་རིང་མ་འོངས་པའི་ལས་འཆར་དང་། ཐབས་བྱུས་སྐོར་ལ་ཕན་ཚུན་གྲོས་བསྡུར་་ལྷུགས་པོ་གནང་བར་བསྔགས་བརྗོད་ཞུ་རྒྱུ་དང་། ཚོགས་ཆེན་ཐོག་བཞག་པའི་གྲོས་ཆོད་ཀྱི་དགོངས་དོན་རྣམས་མ་འོངས་པར་དངོས་སུ་ལག་་ལེན་བསྟར་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་ཚོགས་མི་རྣམས་ནས་ཚོགས་ཆེན་གོ་སྒྲིག་དང་། ཚོགས་བཅར་བ་རྣམས་ས་ཐག་རིང་པོ་ནས་འདིར་ཚོགས་འདུར་ཕེབས་པ་བཅས་ལ་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། བོད་དང་། རྒྱ་གར་གྱི་མི་མང་དབར་གྱི་མཛའ་གྲོགས་ནམ་ཡང་གནས་པའི་སྨོན་ལམ་ཞུ་རྒྱུ་ཡིན་ཞེས་གསུང་བཤད་གནང་སོང་།

གཞན་ཡང་མཛད་སྒོའི་ཐོག་དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། གཞན་སྐུ་མགྲོན་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་འབྲེལ་མཐུད་པ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁི་རི་མེ་ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་ཚོགས་གཙོ་སྐུ་ཞབས་ཨ་ནནྜ་ཀཱུ་མཱར་ (Dr. Anand Kumar) ལགས་བཅས་ནས་གསུང་བཤད་གནང་ཡོད་པ་བཅས།