
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༡ ཚེས་ ༢༤ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མར་ (Shri Nitish Kumar) མཆོག་གིས་སྣེ་ཁྲིད་པའི་རྒྱལ་ཡོངས་མང་གཙོ་མཐུན་སྦྲེལ་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་གནང་འདུག
དེ་ཡང་འཚམས་འཕྲིན་ནང་འཁོད་དོན། ངས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཉིད་ནས་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐབས་བཅུའི་རིང་ཐུགས་འགན་བསྟུད་མར་བཞེས་པར་འཚམས་འདྲི་ཞུ་རྒྱུ་དང་། དེ་ལྟ་བུའི་གཟེངས་སུ་ཐོན་པའི་གྲུབ་འབྲས་བྱུང་བ་དེས། སྐུ་ཉིད་ཀྱི་དབུ་ཁྲིད་ཀྱི་འགན་ཁུར་བཞེས་ཕྱོགས་ལ་མངའ་སྡེའི་མི་མང་ནས་ཡིད་ཆེས་ཆེན་པོ་གནང་གི་ཡོད་པ་མཚོན་ཐུབ།
སྐུ་ཉིད་ཀྱི་དབུ་ཁྲིད་པའི་མངའ་སྡེའི་གཞུང་གི་ཐོག་ནས་མུ་མཐུད་ཡར་རྒྱས་དང་། མི་མང་གི་མངོན་འདོད་འགྲུབ་རྒྱུའི་ལས་དོན་མཐའ་དག་ལམ་ལྷོངས་དང་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
སྐུ་ཉིད་ཀྱིས་སྣེ་ཁྲིད་པའི་མངའ་སྡེའི་གཞུང་གི་ཐོག་ནས་རྒྱ་གར་གྱི་གནའ་བོའི་ནཱ་ལེནྡྲའི་རིག་གཞུང་སྲུང་སྐྱོབ་ཐོག་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ནང་ནས་གཅིག་ཆགས་ཀྱི་ཡོད་པ་རེད་ཅེས་འཁོད་འདུག