
༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༠ པའི་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཞྭ་སེར་བསྟན་པའི་མངའ་བདག་༸སྐྱབས་རྗེ་དགའ་ལྡན་ཁྲི་ཟུར་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དམ་པའི་བླ་བྲང་དུ་ཐུགས་གསོར་ཆེད་བཅར་གནང་བ་དང་། སྐབས་དེར་དགེ་བཤེས་བསམ་གཏན་རྡོ་རྗེ་ལགས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་པ་དང་སྦྲགས། རིན་པོ་ཆེ་མཆོག་དམ་པའི་སྐུ་གདུང་རིན་པོ་ཆེར་མཇལ་ཁ་ཞུས་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐུགས་གསོའི་འཕྲིན་ཡིག་ཕུལ་གནང་སོང་།

དེ་རྗེས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དང་། བཀྲ་ཤིས་ལྷུན་པོ་དགོན་པ། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དགོན་པ་བཅས་ལ་རིམ་པས་མཆོད་མཇལ་ལ་ཕེབས་གནང་སོང་།

སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་ལ་མཆོད་མཇལ་ཕེབས་སྐབས། མཁན་ཚབ་བློ་བཟང་དོན་གྲུབ་མཆོག་གིས་དབུས་པའི་དབུ་ཆོས་རྣམ་གསུམ་གྱིས་ཕེབས་བསུའི་སྣེ་ལེན་དང་།

བཀྲ་ཤིས་ལྷུན་པོར་མཆོད་མཇལ་ཕེབས་སྐབས་མཁན་ཚབ་སྔགས་ཆེན་དར་པ་ཁྲི་ཐུལ་བཀའ་ཆེན་བསྟན་འཛིན་ཚུལ་ཁྲིམས་མཆོག་གིས་གཙོས་པའི་ལས་སྣེ་རྣམ་པས་ཕེབས་བསུའི་སྣེ་ལེན།

ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དགོན་པར་མཆོད་མཇལ་ཕེབས་སྐབས། ༧སྐྱབས་རྗེ་པད་ནོར་རིན་པོ་ཆེའི་དགེ་རྩ་ཚོགས་པའི་འགན་འཛིན་སྤྲུལ་སྐུ་ཆོས་དར་མཆོག་གིས་དབུས་པའི་དགོན་པའི་ལས་སྣེ་རྣམ་པས་ཕེབས་བསུ་བཅས་ཞུས་གནང་སོང་།

སྐབས་དེར་སྦེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས་དང་། སེར་བྱེས་མཁས་སྙན་གྲྭ་ཚང་གི་ཕྱག་མཛོད་དགེ་བཤེས་བློ་བཟང་མཁས་གྲུབ་ལགས། སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཕྱག་མཛོད་དགེ་བཤེས་རྡོ་རྗེ་དབང་ཕྱུག་ལགས་བཅས་ལྷན་བཅར་ཞུས་གནང་སོང་།

ཕྱི་ཚེས་ ༡༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦།༠༠ པའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་སེར་བྱེས་མཁས་སྙན་གྲྭ་ཚང་ལ་མཆོད་མཇལ་ཕེབས་ཤིང་། སྐབས་དེར་དགོན་པའི་ལས་སྣེ་རྣམ་པས་ཕེབས་བསུའི་སྣེ་ལེན་དང་སྦྲགས། ཆོས་རར་གཟིགས་སྐོར་གནང་སོང་།

སྐབས་དེར་སྦེལ་ཀོབ་བདེ་སླར་ས་གནས་འགོ་འཛིན་ངག་དབང་བསྟན་འཛིན་ལགས་ལྷན་བཅར་ཞུས་གནང་ཡོད་པ་བཅས།

