དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སེར་བྱེས་མཁས་སྙན་གྲྭ་ཚང་ནས་གོ་སྒྲིག་ཞུས་པའི་༧སྐུའི་གོ་སྟོན་སྲུང་བརྩི་དང་སེར་བྱེས་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་སྐབས་དང་པོའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༠ པའི་ཚེས་ ༡༧ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སེར་བྱེས་མཁས་སྙན་གྲྭ་ཚང་ནས་༧སྐུའི་གོ་སྟོན་དང་འབྲེལ་བྱམས་བརྩེའི་ལོ་སྲུང་བརྩིའི་སླད། སེར་བྱེས་བཀྲ་ཤིས་ཆོས་གླིང་ཤེས་ཡོན་ལྟེ་གནས་ཁང་དུ་མེ་སོར་གཙུག་ལག་སློབ་གཉེར་ཁང་གིས་ངོས་བཞེས་ཡོད་པའི་སེར་བྱེས་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་སྐབས་དང་པོའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཞིག་ཚོགས་གནང་སོང་། 

 

སྐབས་དེའི་མཛད་སྒོའི་སྐུ་མགྲོན་དུ་མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་༧རྗེ་བཙུན་ངག་དབང་འབྱོར་ལྡན་དཔལ་བཟང་པོ་མཆོག་དང་། རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་གཞུང་གི་ཤེས་རིག་བློན་ཆེན་ཨེམ་ སི་ སུ་དྷ་ཀར་ (Dr. MC Sudhakar, Minister for Higher Education, Karnataka) མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག སེར་བྱེས་མཁན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་ཐར་མཆོག སེར་བྱེས་མཁན་ཟུར་རིན་པོ་ཆེ་དགེ་བཤེས་བློ་བཟང་བདེ་ལེགས་མཆོག སེར་བྱེས་མཁན་ཟུར་རིན་པོ་ཆེ་ལོ་དགོན་སྤྲུལ་སྐུ་བསྟན་འཛིན་བྱམས་པ་ཆོས་བཟང་མཆོག མེ་སོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་ལོ་ཀཱ་ནཱ་ཏ་ ཨེན་ ཀི་ (Prof LoKanath N.K, Vice Chancellor of the University of Mysore) མཆོག ཕྱོགས་བཞུགས་སྤྱི་འཐུས་དཀོན་མཆོག་ཡང་འཕེལ་མཆོག ཕྱོགས་བཞུགས་སྤྱི་འཐུས་ཆོས་འཕེལ་ཐུབ་བསྟན་མཆོག ཕྱོགས་བཞུགས་སྤྱི་འཐུས་དངོས་གྲུབ་རྡོ་རྗེ་མཆོག ཕྱོགས་བཞུགས་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག ཕྱོགས་བཞུགས་སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་མཆོག ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་ཕུན་ཚོགས་དཔལ་ལྡན་ལགས། སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས། སྦེལ་ཀོབ་བདེ་སླར་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ངག་དབང་བསྟན་འཛིན་ལགས། སེ་ར་ཚོགས་ཆེན་གྱི་དབུ་མཛད། སེར་བྱེས་གྲྭ་ཚང་གི་ཕྱག་མཛོད་དབུ་མཛད་རྣམ་པ། སེ་ར་བྱེས་སྨད་གཉིས་ཀྱི་ཁྲིམས་བདག་དགེ་བསྐོས་རྣམ་པ། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། སེར་བྱེས་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་སྐབས་དང་པོའི་བསླབ་པ་མཐར་སོན་གྱི་སློབ་མ་རྣམ་པ་སོགས་ཕེབས་འདུག

སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་སེར་བྱེས་མཁས་སྙན་གྲྭ་ཚང་གིས་མཛད་སྒོའི་ཐོག་ལ་དམིགས་བསལ་མགྲོན་འབོད་གནང་བ་ལྟར་བཅར་ཐུབ་པ་དེ་བསྐལ་པ་བཟང་པོ་ཞིག་དང་གལ་ཆེན་པོ་གཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་རིང་མཛད་སྒོའི་ནང་དོན་གཙོ་བོ་གཅིག་དེ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གོ་སྟོན་སུང་བརྩི་ཞུ་རྒྱུ་དེ་ཆགས་ཡོད་ཅིང་། དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་རྒྱ་གར་དུ་བཙན་བྱོལ་ལ་ཞབས་སོར་འཁོད་པ་ནས་བཟུང་སྟེ་ད་བར་དགུང་གྲངས་ ༩༠ ལ་ཕེབས་པའི་རིང་། བོད་བསྟན་པ་ཆབ་སྲིད་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པའི་ཐོག་ལ་སྐུ་ངལ་བསྐྱོན་པ་དེ་དག་ང་ཚོས་དྲན་པ་ཡིན་ན་སོ་སོའི་སེམས་ནང་དམིགས་བསལ་གྱིས་ཚོར་བ་ཞིག་སླེབས་ངེས་ཡིན་པ་ཆགས་བསྡད་ཡོད་རེད། རྩ་བའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་ཐུགས་བསྐྱེད་ལ་བརྟེན་ནས་རྒྱ་གར་དབུས་དང་། ལྷོ་ཕྱོགས་ཀར་ན་ཊ་ཀ་གཙོས་པའི་མངའ་སྡེ་ཁག་གི་གཞུང་དང་མི་མང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐོག་ནས་ང་ཚོར་རྒྱབ་སྐྱོར་གནང་མཁན་མང་པོ་ཞིག་ཡོད་རེད། ད་ལྟ་གོང་དུ་མཛད་སྒོའི་ཐོག་ལ་གསུང་བཤད་གནང་མཁན་ཀར་ན་ཊ་ཀ་མངའ་སྡེའི་ཤེས་རིག་བློན་ཆེན་མཆོག་གིས་གསུངས་པ་ལྟར་རེད། ང་ཚོ་ཐོག་མར་རྒྱ་གར་ལ་སླེབས་དུས་ངོ་ཤེས་པ་གནམ་དང་ས་མ་གཏོགས་མེད་པ་དང་། ལུང་པ་འདིའི་སྐད་ཡིག་ཀྱང་ཤེས་ཀྱི་མེད་པ་མ་ཟད། བསྡད་ས་གོ་སྒྲིག་ཞུ་མཁན་ཡོད་མ་རེད། ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བའི་ཐོག་ནས་གློ་བུར་དུ་དེ་འདྲའི་བཙན་བྱོལ་བའི་གནས་བབ་ཅིག་ཆགས་པ་རེད་དེ། དུས་ཚོད་དེའི་རིང་བོད་པ་ཚོས་ལམ་བཟོ་རྒྱུགས་པ་དང་། དགེ་འདུན་པ་ཚོ་སྦག་ས་ཆོས་སྒར་ལ་བཞུགས་རྒྱུ་སོགས་གནས་སྟངས་མང་པོ་ཞིག་བྱུང་བ་རེད། དེ་ཚོར་བལྟས་པ་ཡིན་ན། ད་ལྟའི་གྲུབ་འབྲས་གང་བྱུང་བ་རྣམས་མི་ཐོག་ནས་མི་ཐོག་བརྒྱུད་ནས་དཀའ་ལས་རིམ་པ་བརྒྱབ་སྟེ་བྱུང་བ་ཞིག་ཆགས་ཡོད་རེད། 

ད་ཆ་བཙན་བྱོལ་བོད་མི་རྣམས་རྒྱ་གར་མངའ་སྡེ་ཁག་འདྲ་མིན་ནང་གཞིས་ཆགས་ནས་བསྡད་ཡོད་རེད། ཀར་ན་ཊ་ཀ་ལྟ་བུར་མཚོན་པ་ཡིན་ན། དེ་སྔ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེའི་རྒྱ་གར་སྲིད་བློན་པཎ་ཌི་ནེ་རུ་མཆོག་ལ་མཇལ་འཕྲད་ཀྱིས་འབོད་སྐུལ་རིམ་པ་ཞུས་འབྲས་སུ། སྲིད་བློན་པཎ་ཌི་ནེ་རུ་མཆོག་གིས་རྒྱ་གར་མངའ་སྡེ་སོ་སོར་ཕྱག་བྲིས་གནང་སྟེ། བོད་མི་ཚོར་མཐུན་འགྱུར་སྦྱོར་མཁན་སུ་ཡོད་ཅེས་ཞུས་སྐབས། སྐབས་དེ་དུས་ཀྱི་ཀར་ན་ཊ་ཀའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཇ་ ལིངྒ་པ་མཆོག་གིས་ལམ་སེང་མཐུན་འགྱུར་སྦྱར་རྒྱུའི་ཞལ་བཞེས་གནང་བར་བརྟེན་ནས། དེའི་རྗེས་འབྲེལ་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔ་བྱུང་བ་ཞིག་ཆགས་བསྡད་ཡོད་པ་དང་། དེ་ཡང་བོད་པའི་གཞིས་ཆགས་ཆེ་ཤོས་གྲས་དང་། གདན་ས་གསུམ་གྱིས་མཚོན་པའི་ཆོས་ལུགས་རིས་སུ་མ་ཆད་པའི་དགོན་སྡེ་འཛུགས་བསྐྲུན་བྱེད་ཐུབ་པ། དེ་ཚོའི་གྲས་བྱས་རྗེས་ཧ་ཅང་ཆེན་པོ་ཆགས་བསྡད་ཡོད་རེད། སྐབས་དེ་དུས་ཀྱི་ཀར་ན་ཊ་ཀའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ཀྱང་དགོངས་པ་རྒྱ་ཆེན་པོ་ཞིག་བཞེས་ཡོད་པ་རེད། དེ་ཡང་བོད་པ་ཚོ་ཐོག་མར་ཨ་རིར་སྐྱབས་བཅོལ་ལེན་པའི་སྐབས་སུ། ༧གོང་ས་མཆོག་ལ་ཨ་རིའི་འབྲེལ་ཡོད་ལས་བྱེད་གཅིག་གིས་སྙན་སེང་ཞུས་ཡ་ཞིག་ལ། བོད་པ་ཚོ་ཨ་རིར་སྐྱབས་བཅོལ་ལེན་པ་དེ་ཤ་ཚ་སྙིང་རྗེ་བྱས་ནས་ལེན་མེད་པ་དང་། བོད་པའི་སྤྱི་ཚོགས་ནང་གི་བཟང་སྤྱོད་དང་། རིག་གཞུང་དམིགས་བསལ་ཞིག་ཡོད་པ་དེ་ང་ཚོའི་སྤྱི་ཚོགས་ལ་ཚུར་ཕན་ཐོགས་ཐུབ་རྒྱུའི་ཆེད་དུ་ལེན་པ་ཡིན་ཞེས་སྙན་སེང་ཞུས་འདུག  དེ་ལྟར་སྐབས་དེ་དུས་ཀར་ན་ཊ་ཀའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ཀྱང་དགོངས་པ་དེ་འདྲ་བ་ཞིག་བཞེས་མིན་ནམ་བསམས་ཀྱི་འདུག ཕྱོགས་གཅིག་ནས་བོད་མི་ཚོར་རོགས་སྐྱོར་མཐུན་འགྱུར་གནང་གི་ཡོད་རེད་དེ། ཕྱོགས་གཞན་ཞིག་ནས་བོད་པ་སྤྱི་ཚོགས་དེ་ཚུར་ལེན་པ་ཡིན་ན། མ་འོངས་པར་ཀར་ན་ཊ་ཀའི་གཞུང་མང་གཉིས་ལ་མིག་དཔེ་སྟོན་མཁན་ཞིག་ཆགས་རྒྱུའི་རེ་བ་བཅངས་ཏེ་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་ཡོད་རེད་བསམས་ཀྱི་འདུག

ད་ཆ་མེ་སོར་གཙུག་ལག་སློབ་གཉེར་ཁང་གིས་ངོས་བཞེས་ཡོད་པའི་སེར་བྱེས་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་སྐབས་དང་པོ་སློབ་ཐོན་གནང་གི་ཡོད་རེད། དེ་ནི་ཤེས་ཡོན་གྱི་ཐོག་ལའང་མཐུན་འགྱུར་གནང་བསྡད་པའི་གནས་སྟངས་ཆགས་བསྡད་ཡོད་དུས། རྒྱ་གར་དབུས་ས་གཉིས་དང་། ལྷག་པར་དུ་ཀར་ན་ཊ་ཀའི་མངའ་གཞུང་རྣམས་བཀའ་དྲིན་ཆེན་པོ་ཆགས་བསྡད་ཡོད་རེད། དེ་རིང་འདིར་ཀར་ན་ཊ་ཀ་མངའ་གཞུང་གི་ཤེས་རིག་བློན་ཆེན་མཆོག་དང་། མེ་སོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་མཆོག་རྣམ་གཉིས་མཛད་སྒོར་ཕེབས་ནས་བཀའ་སློབ་གསུང་བཤད་གནང་སྟེ། མཛད་སྒོ་གཟབ་རྒྱས་ངང་བསྐྱངས་ཐུབ་པ་དེ་དམིགས་བསལ་གྱི་གཟི་བརྗིད་དང་། དུས་དྲན་དེ་ང་ཚོའི་ལོ་རྒྱུས་ནང་ལའང་དམིགས་བསལ་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་རེད། དེ་གཅིག་ཞུས་ན་བསམས་བྱུང་། 

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་ཆེན་བཞི་སྟེ། དང་པོ་དེར་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མིའི་སྤྱི་ཚོགས་ནང་བྱམས་བརྩེ་དང་བཟང་སྤྱོད་གོང་མཐོར་སྤེལ་ཐབས་གནང་རྒྱུ། གཉིས་པ་ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ཡོང་ཐབས་གནང་རྒྱུ། གསུམ་པ་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་ཆོས་དང་རིག་གཞུང། སྐད་ཡིག་བཅས་ངོ་སྤྲོད་སྲུང་སྐྱོབ་གནང་རྒྱུ། བཞི་པ་རྒྱ་གར་གནའ་རབས་ཀྱི་རིག་གཞུང་གི་རྗེས་འབྲངས་པ་ཞིག་ཡིན་པའི་ཆ་ནས། རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་དང་། སེམས་ཁམས་རིག་པ། ཚད་མ་རིག་པ་བཅས་ལ་དམིགས་བསལ་མཐོང་ཆེན་གནང་སྟེ། དེང་གི་དུས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྤེལ་རྒྱུ་བཅས་ཡིན་པ་དང་། མེ་སོར་གཙུག་ལག་སློབ་གཉེར་ཁང་གིས་ངོས་བཞེས་ཡོད་པའི་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་བསླབ་གཞིའི་ནང་གནའ་བོའི་ལྟ་གྲུབ་དང་། སེམས་ཁམས་རིག་པ། བོད་ཀྱི་སྐད་ཡིག་དེ་ཚོ་ཆགས་བསྡད་ཡོད་དུས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། མགོན་པོ་གང་ཉིད་ལ་ཞབས་འདེགས་ཞུས་པ་ཞིག་ཆགས་ཀྱི་ཡོད་རེད། དེ་ཡིན་དུས་སློབ་ཐོན་པ་རྣམ་པར་དམིགས་བསལ་གྱིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། མུ་མཐུད་ཕྱག་ཁྱེར་བཞེས་ནས་ཕན་ཐོགས་ཐུབ་རྒྱུའི་གོ་སྐབས་ཤིག་ཡོང་ངེས་རེད་བསམས་ཀྱི་འདུག དེ་ཚོའི་ཐོག་ལ་དགོངས་པ་བཞེས་དགོས་པ་དེ་གཅིག་རེད། རྩ་བའི་ང་ཚོ་སློབ་སྦྱོང་བྱས་པའི་དུས་ཚོད་ལ་དཀའ་ངལ་ཡོང་གི་ཡོད་རེད། དཔེར་ན་ཤིང་སྡོང་ཞིག་བཏབ་ནས་དེའི་འབྲས་བུ་མ་སྐྱེས་པའི་བར་ཆུ་དང་ལུད། དྲོད་བཅས་མང་པོ་ཞིག་གི་ཐོག་ནས་དུས་ཚོད་བཏང་རྗེས་འབྲས་བུ་ཡོང་གི་ཡོད་རེད། དེ་ལྟར་སློབ་སྦྱོང་བྱས་པའི་དུས་ཚོད་ལའང་དཀའ་ངལ་ཡོང་གི་ཡོད་རེད་དེ། མཐར་ཐུག་གི་དམིགས་ཡུལ་དེར་བརྟེན་ནས་དཀའ་ངལ་ཁྱད་བསད་གནང་སྟེ་ཧུར་བརྩོན་གནང་དགོས་པ་གལ་ཆེན་པོ་རེད་འདུག དཔེར་ན། སློབ་སྦྱོང་ཡོད་མཁན་གྱི་མི་ཞིག་ཡིན་ན། གསེར་གྱི་སྒམ་ནང་ནོར་བུ་བླུགས་པ་ནང་བཞིན་རེད་ཅེས་བཤད་སྲོལ་ཡོད་ཅིང་། དེ་ཡང་གསེར་གྱི་སྒམ་དེ་རིན་ཐང་ཆེན་པོ་ཆགས་ཀྱི་ཡོད་རེད་དེ། དེའི་ནང་ནོར་བུ་ཞིག་ཡོད་པ་ཡིན་ན་དེ་བས་ཀྱང་རིན་ཐང་ཆེན་པོ་ཆགས་ཀྱི་ཡོད་རེད། ཆོས་ཀྱི་ནང་། མི་ལུས་རིན་པོ་ཆེར་ངོས་འཛིན་བྱེད་ཀྱི་ཡོད་རེད། དེ་བཞིན་སློབ་སྦྱོང་གིས་དམིགས་བསལ་རྒྱན་པ་ཡིན་ན། དེ་ལས་ཀྱང་རིན་པོ་ཆེ་ཆགས་ཀྱི་ཡོད་རེད། ས་སྐྱ་ལེགས་བཤད་ནང་། ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། །མ་བསྡུས་པར་ཡང་རང་ཉིད་འདུ། །དྲི་ཞིམ་མེ་ཏོག་རྒྱང་རིང་ཡང་། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །ཡོན་ཏན་ལྡན་པ་ཡིན་ན་སྐྱེ་བོ་དེ་རང་བཞིན་གྱིས་རིན་ཐང་ཆེན་པོ་ཆགས་ཀྱི་ཡོད་པ་དང་། རང་གཞན་ཚང་མར་དམིགས་བསལ་གྱིས་ཕན་ཐོགས་ཡོང་ཐུབ་པ་ཞིག་ཡོང་བསྡད་ཀྱི་འདུག དེ་ཚོ་ཕྱག་ཁྱེར་བཞེས་ནས་ང་ཚོའི་སྤྱི་ཚོགས་ཙམ་མ་ཡིན་པར། སྤྱི་ཚོགས་གཞན་གྱི་ནང་ལའང་ཕན་ཐོགས་ཐུབ་རྒྱུའི་དགོངས་པ་བཞེས་དགོས་རེད་བསམས་ཀྱི་འདུག རྗེ་བདག་ཉིད་ཆེན་པོས་གསུངས་པ་ནང་བཞིན་རེད། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས།། ཚུལ་འདི་བསམས་ཤིང་འདུན་མ་ལེགས་ནས་གདའ།། བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར།། དེའི་དོན་ནི་ཕྱོགས་གཅིག་ནས་སློབ་སྦྱོང་བྱ་རྒྱུའི་བརྒྱུད་རིམ་བསྟན་པ་དང་། ཕྱོགས་གཞན་ཞིག་ནས་བསྟན་པར་ཞབས་ཏོག་ཞུ་སྟངས་ཐོག་དམིགས་བསལ་གྱིས་གསུང་གི་འདུག དང་པོ་ཐོས་པར་རིས་སུ་མེད་པ་བྱས། དེའི་ཐོག་ནས་གཞུང་ལུགས་ཐམས་ཅད་གདམས་པ་ཤར་དགོས་པ། ཐ་མར་དུས་ཚོད་ཉིན་མཚན་མེད་པར་རྟག་ཏུ་ཉམས་ལེན་བྱེད་དགོས་པ། གཙོ་བོ་སེམས་རྒྱུད་ལ་ཚུར་སྦྱར་ནས་གསུང་གི་ཡོད་རེད། དེ་དག་ཐམས་ཅད་མཐར་བསྟན་པ་རྒྱས་པའི་ཆེད་དུ་ལག་ལེན་དངོས་སུ་སྦྱར་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག་བ། དེ་ཡང་། བསྟན་པ་རིན་ཆེན་མཆོག་གི་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག ཞེས་གསུངས་པ་བཞིན་བསྟན་དོན་ལ་ཞབས་ཏོག་ཞུ་རྒྱུའི་དོན་དག་གཉིས་བསྟན་གྱི་འདུག་བ། བསྟན་པས་མ་ཁྱབ་པའམ་ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེ་ལ་རྣམ་པ་ཚོ་ཕྱག་ཁྱེར་བཞེས་མཁན་དེང་དུས་ཀྱི་ཤེས་ཡོན་ཡོད་མཁན་ཚོས་བསྟན་པ་མ་ཁྱབ་པའི་གནས་ནུབ་ཕྱོགས་ལྟ་བུར་བསྟན་པ་ཁྱབ་པ་བྱ་རྒྱུའི་དགོངས་པ་བཞེས་དགོས་པ། བསྟན་པ་ཁྱབ་ཡོད་པ་གང་ཞིག་ཉམས་པའི་ས་གནས་རྒྱ་ནག་ལྟ་བུའི་ནང་བསྟན་པ་ཉམས་གསོ་བྱ་རྒྱུའི་དགོངས་པ་བཞེས་དགོས་པ། དེ་འདྲའི་ཐོག་ནས་སོ་སོས་སློབ་སྦྱོང་བྱས་པ་དེ་འཛམ་གླིང་འདིའི་སྟེང་བེད་སྤྱོད་བྱེད་ཐུབ་པའི་གོ་སྐབས་བཙལ་ཐུབ་དགོས། གནའ་སྔ་མོ་དབང་ཤུགས་དང་སྟོབས་འབྱོར་ཐོག་ནས་བསྟན་པ་དར་སྤེལ་གཏོང་ཐུབ་ཀྱི་ཡོད་ཀྱང་། དེང་གི་དུས་རབས་ཉེར་གཅིག་ནང་དེ་ལྟར་མ་ཡིན་པར། རང་ཉིད་ཀྱི་ཁྱད་དུ་འཕགས་པའི་ཡོན་ཏན་གྱི་ཐོག་ནས་དོ་སྣང་བྱེད་མཁན་སླེབས་ཐུབ་དགོས་ཀྱི་ཡོད། འཛམ་གླིང་འདིའི་ཐོག་ལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕན་བདེ་མ་ལུས་པའི་འབྱུང་གནས་ཀྱི་གཞི་ཆགས་བསྡད་ཡོད་དུས། དེ་དར་སྤེལ་གནང་རྒྱུར་ང་ཚོར་འགན་འཁྲི་བསྡད་དུས། ཚང་མས་དགོངས་པ་བཞེས་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག 

རྩ་བའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོར་ལམ་སྟོན་ཆ་ཚང་གནང་ཟིན་པ་དང་། ང་ཚོས་དེ་ལ་ལག་ལེན་བསྟར་དགོས་པ་དང་། དངོས་གནས་འགན་ཁུར་བཞེས་ནས་ལས་ཀ་རྩོམ་དགོས་པ་དེ་གལ་ཆེན་པོ་ཆགས་བསྡད་ཀྱི་འདུག ནང་ཆོས་ལ་བཀའ་འགྱུར་པོད་བརྒྱ་དང་། བསྟན་འགྱུར་པོད་ཉིས་བརྒྱ་ལྷག་ཙམ་ཡོད་པའི་ནང་ནས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་ཆོས་ཞེས་ཟུར་དུ་གཅིག་བཏོན། ནང་པའི་ཚན་རིག་ཅེས་ཟུར་དུ་གཅིག་བཏོན། ནང་པའི་ལྟ་གྲུབ་ཅེས་ཟུར་དུ་གཅིག་བཏོན། དེའི་ཐོག་བཀའ་སློབ་མང་པོ་ཞིག་ཕེབས་ཡོད་རེད། དེ་ཚོའི་ཐོག་ལ་ང་ཚོས་དོ་སྣང་གནང་དགོས་པ་གལ་ཆེན་པོ་ཆགས་བསྡད་ཡོད་རེད། ནང་པའི་ལྟ་གྲུབ་དང་། ནང་པའི་ཚན་རིག་གཉིས་ནི་ཆོས་དང་ཐད་ཀར་འབྲེལ་བ་གང་ཡང་མེད་པ་དང་། འགྲོ་བ་མི་དང་། སྤྱི་ཚོགས་དེར་ཕན་ཐོགས་ཐུབ་རྒྱུའི་ཤེས་ཡོན་གྱི་ལམ་ལུགས་ཤིག་ཆགས་བསྡད་ཡོད་རེད། དེ་ང་ཚོས་མི་གཞན་ལ་དོ་སྣང་སླེབས་ཐུབ་པ་བཟོ་རྒྱུ་གལ་ཆེན་པོ་རེད་འདུག དཔེར་ན་ཁ་ལག་གི་རྒྱུ་ཆ་གཅིག་པ་ཡིན་ནའང་། མ་བྱན་ལག་རྩལ་གྱི་ཐོག་ནས་ཁ་ལག་གི་དྲོ་བ་དང་ཞིམ་ལས་ཁྱད་པར་ཡོང་གི་ཡོད་རེད། དུས་རྒྱུན་དུ་ང་ཚོས་ནང་པ་སངས་རྒྱས་པའི་བསྟན་པའི་ཐོག་ལ་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་གནང་གི་ཡོད་རེད། དེའི་ཐོག་ནས་སོ་སོའི་སྤྱི་ཚོགས་ཙམ་མ་ཡིན་པར་མི་རིགས་ཀྱི་ས་མཚམས་ལས་བརྒལ་ཏེ། སྤྱི་ཚོགས་གཞན་གྱིས་དོ་སྣང་སླེབས་ཐུབ་པ་བཟོ་རྒྱུར་འགན་བཞེས་དགོས་རེད། དེའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་རིམ་པ་ཕེབས་པ་རྣམས་ཡང་ཡང་གསན་པ་དང་། ཀློག་པ་གནང་ནས་དེ་དང་མཐུན་པའི་ང་རང་ཚོའི་སྤྱི་ཚོགས་ཀྱི་འགྲོས་དང་མཐུན་པའི་ཐོག་ནས་ནང་ཆོས་ཀྱི་ཐོག་ལ་སློབ་འཁྲིད་བྱེད་སྟངས་དང་། དེའི་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུར་དམིགས་བསལ་གྱིས་དགོངས་པ་བཞེས་རྒྱུ་ཡོད་རེད་བསམས་ཀྱི་འདུག རྣམ་པ་ཚོས་ཏན་ཏན་དགོངས་པ་བཞེས་ཀྱི་ཡོད་རེད། དེ་འདྲའི་ཐོག་ལ་དྲན་གསོའི་ཚུལ་དུ་ཞུས་ན་བསམས་བྱུང་། 

སེར་བྱེས་མཁས་སྙན་གྲྭ་ཚང་ལྟ་བུར་མཚོན་པ་ཡིན་ན། མཁས་སྙན་ཞེས་མིང་དོན་མཚུངས་པ་རང་ཆགས་ཀྱི་ཡོད་རེད། གཏམ་བཤད་གནང་རྒྱུ་ལའང་ཞུམ་དགོས་པའི་གནས་སྟངས་འདྲ་པོ་ཆགས་ཀྱི་འདུག རྣམ་པ་ཚོ་མཁས་དབང་མང་པོ་ཞིག་མཇལ་བསྡད་ཀྱི་འདུག དེ་འདྲའི་ང་ལ་སྤོབས་པ་ཞེ་པོ་མེད། ང་རང་རྣམ་གྲོལ་གླིང་བཤད་གྲྭར་སློབ་སྦྱོང་བྱས་པ་རེད། སློབ་སྦྱོང་བྱེད་པའི་སྐབས་སུ་གཞུང་བཀའ་པོད་ལྔ་ལ་སློབ་སྦྱོང་བྱེད་ཀྱི་ཡོད་རེད། ཤེར་ཕྱིན་སྐབས་སུ་སེ་ར་རྗེ་བཙུན་ཆོས་རྗེའི་བསམ་གཟུགས་ཀྱི་མཐའ་དཔྱོད་དེ་ཚོ་དཔེ་ཀློག་བྱས་ནས་བལྟ་ཡི་ཡོད་རེད། དེ་བཞིན་རྗེ་བདག་ཉིད་ཆེན་པོའི་ལེགས་བཤད་གསེར་ཕྲེང་སྤྱི་དོན་དཔལ་སྤྲུལ་རིན་པོ་ཆེས་བརྩམས་པ་ཞིག་ཡོད་པ་དེ་དང་། འགྲེལ་ཆུང་དོན་གསལ་ང་ཚོའི་སློབ་ཚན་ནང་ཡོད་རེད། གཞུང་འཆད་ཉན་བྱེད་ཡོང་དུས། དེའི་རྣམ་དཔྱོད་དམིགས་བསལ་མ་འདྲ་བ་ཞིག་ཡོད་པ་མཐོང་གི་འདུག དཔེར་ན། སེ་ར་རྗེ་བཙུན་ཆོས་རྗེ་ལྟ་བུ་ཡིན་ན། དགུང་ལོ་ ༡༦ ཙམ་ལ་ཚད་མ་སྡེ་བདུན་ལ་བྱང་ཆུབ་ནས་མཚན་སྙན་ཆེན་པོ་ཐོབ་མཁན་ཞིག་དང་། དགུང་ལོ་ ༡༨ ནས་དབུ་མ་དང་། ཕར་ཕྱིན། ཚད་མ། འདུལ་མཛོད་གཉིས་བཅས་གཞུང་བཀའ་པོད་ལྔ་ལ་མཁས་པ་ཆེན་པོ་ཆགས་བསྡད་ཀྱི་འདུག ཐོག་མར་བཀྲ་ཤིས་ལྷུན་པོར་ཆོས་སྒོར་བཞུགས་པ་དང་། དེ་རྗེས་སེ་རར་ཕེབས་བསྡད་པ་ཞིག་རེད་འདུག དེ་ཡིན་དུས་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་དམིགས་བསལ་གྱི་འབྲེལ་བ་ཡོད་བསྡད་པ་ཞིག་རེད། ཉེ་ཆར་སེ་ར་བྱེས་སྨད་གཉིས་ཀྱི་མཁན་པོ་བཞུགས་སྒར་རྡ་རམ་ས་ལར་བཅར་ནས་༸གོང་ས་མཆོག་ལོ་འདིར་ལྷོ་ཕྱོགས་ལ་ཆིབས་བསྒྱུར་གནང་རྒྱུའི་གོ་སྐབས་དང་བསྟུན་ནས་སེ་རར་ཕེབས་རྒྱུའི་ཞལ་བཞེས་བསྐལ་པ་བཟང་པོ་ཐོབ་འདུག རྣམ་པ་ཚོ་ཐོས་བསམ་སློབ་གཉེར་གནང་མཁན་ཆགས་བསྡད་ཡོད་རེད། དེ་དང་བསྟུན་པའི་ཐོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་རེད། སོ་སོའི་དགེ་རྒན་དང་ཕ་མའི་ལམ་སྟོན་རྣམས་ལག་ལེན་བསྟར་ནས། སྤྱི་ཚོགས་ནང་ལའང་ཕན་ཐོགས་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག སླར་ཡང་སེར་བྱེས་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་སྐབས་དང་པོའི་བསླབ་པ་མཐར་སོན་གྱི་སློབ་མ་རྣམས་ལ་འཚམས་འདྲི་ཞུ་རྒྱུ་དང་། ད་ལན་འདིར་དམིགས་བསལ་བཅར་ནས་སྐད་ཆ་ཚིག་ཁ་ཤས་ཞུ་རྒྱུ་བྱུང་བར་བསྐལ་པ་བཟང་པོར་ངོས་འཛིན་བྱེད་ཀྱི་ཡོད། འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། རླབས་ཆེན་ཐུགས་ཀྱི་དགོངས་བཞེད་རྣམས་འགྲུབ་ཅིང་། བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་། སེར་བྱེས་མཁས་སྙན་གྲྭ་ཚང་གི་བསྟན་སྲིད་ཀྱི་ལས་དོན་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུངས། 

དེ་བཞིན་མཛད་སྒོའི་ཐོག་མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་༧རྗེ་བཙུན་ངག་དབང་འབྱོར་ལྡན་དཔལ་བཟང་པོ་མཆོག་གིས་བཀའ་སློབ་དང་། རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་གཞུང་གི་ཤེས་རིག་བློན་ཆེན་མཆོག་གིས་གསུང་བཤད། སེར་བྱེས་མཁན་རིན་པོ་ཆེ་མཆོག་གིས་མཛད་སྒོ་དབུ་འབྱེད་ཀྱི་གསུང་བཤད། སྦེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད།  སེར་བྱེས་དེང་དུས་ཤེས་ཡོན་འགན་འཛིན་ནས་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་བརྒྱུད་རིམ་སྐོར་ངོ་སྤྲོད། མེ་སོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་མཆོག་གིས་སློབ་ཐོན་དང་འབྲེལ་བའི་གསུང་བཤད། སེར་བྱེས་ཕྱག་མཛོད་ཆེན་མོ་ནས་མཇུག་བསྡོམས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་སོང་། 

གཞན་ཡང་སྐབས་དེའི་མཛད་སྒོའི་ཐོག་སྐུ་མགྲོན་རྣམ་པས་བསླབ་པ་མཐར་སོན་པའི་སློབ་མ་རྣམས་དང་། ཨིག་ནོ་དང་སྐད་སྒྱུར་སྡེ་ཚན་གྱི་སློབ་མ་རྣམས་ལ་ཕྱག་ཁྱེར་དང་། སྤྱི་ཚོགས་ཞབས་ཞུ་བ་ཁག་ཅིག་ལ་གཟེངས་བསྟོད་ཕྱག་ཁྱེར་ཕུལ་བ། དཔེ་དེབ་ཁག་ཅིག་དང་། ནིའུསི་སེར་བྱེས་འཛིན་རིམ་བཅུ་གཉིས་སློབ་གཉེར་ཁང་དབུ་འབྱེད་གནང་སོང་བ་བཅས།