དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་ཕེབས་འབྱོར་སྐབས་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༠ པའི་ཚེས་ ༡༦ ཉིན་གྱི་སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་ནས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཕེབས་ཐོན་གྱིས་ཉིན་གུང་ས་གནས་སུ་རྟེན་གཞི་བྱས་པའི་སེར་བྱེས་ཡིད་དགའ་ཆོས་གླིང་དུ་ཕེབས་འབྱོར་མཚམས། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་མཆོག་དང་། ས་གནས་ཁྲིམས་ཞིབ་པ་ཕུན་ཚོགས་དཔལ་ལྡན་ལགས། སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས། སྦེལ་ཀོབ་བདེ་སླར་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ངག་དབང་བསྟན་འཛིན་ལགས། དགོན་སྡེ་ཁག་གི་ཕྱག་མཛོད་རྣམ་པ། གྲོང་སྡེ་ཁག་གི་བརྒྱ་དཔོན་རྣམ་པ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། སློབ་ཕྲུག་རྣམས་ནས་རྔ་རོལ་དང་བཅས་བཀྲ་ཤིས་ཞོལ་པ་སོགས་འཁྲབ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་།

གཞི་རྩའི་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ལོ་ ༢༠༢༥ ཟླ་ ༡༠ པའི་ཚེས་ ༡༧ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་ནས་༧སྐུའི་གོ་སྟོན་དང་འབྲེལ་བྱམས་བརྩེའི་ལོ་སྲུང་བརྩིའི་སླད་གོ་སྒྲིག་ཞུས་པའི་མེ་སོར་མཐོ་སློབ་ཀྱིས་ངོས་བཞེས་ཡོད་པའི་སེར་བྱེས་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་སྐབས་དང་པོའི་བསླབ་པ་མཐར་སོན་མཛད་སྒོ་དང་། སྔ་འགྱུར་རྙིང་མའི་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཐེངས་བཅུ་གཅིག་པའི་མཛད་སྒོ་སོགས་ཀྱི་ཐོག་སྐུ་མགྲོན་དུ་གདན་ཞུས་ལྟར་གཞུང་འབྲེལ་མཉམ་ཞུགས་གནང་གཏན་ཁེལ་ཡོད་པ་བཅས།