དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བརྟན་བཞུགས་ཐོག་ཕེབས་པའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་རྣམས་ཐུག་འཕྲད་ཀྱིས་མང་གཙོའི་འཕེལ་རིམ་སྐོར་ལ་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༩ པའི་ཚེས་ ༡༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༣༠ ཐོག་གངས་ཅན་སྐྱིད་གཤོངས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་ནང་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བཅས་ནས་བརྟན་བཞུགས་ཐོག་ཕེབས་པའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་རྣམས་དང་ལྷན་ཐུག་འཕྲད་ཀྱིས་གསུང་བཤད་དང་། དྲི་བ་དྲིས་ལན་གྱི་ལས་རིམ་བསྐྱངས་གནང་སོང་།

དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོ་བོ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་ངོ་སྤྲོད་གསུང་བཤད་གནང་ཞིང་། དེ་ཡང་ཕྱི་ལོ་ ༡༩༥༤ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ལ་ཆིབས་བསྒྱུར་དང་། ༡༩༥༦ ལོར་རྒྱ་གར་དུ་ཆིབས་བསྒྱུར་བཅས་བསྐྱངས་སྐབས། རྒྱ་གར་གྱི་གྲོས་ཚོགས་ལ་ཐུགས་ཞིབ་གནང་སྐབས་དྲང་བདེན་དང་འདྲ་མཉམ་གྱི་མང་གཙོའི་འགྲོ་ལུགས་ལ་ཐུགས་ཡིད་འཕྲོག་པོ་བྱུང་སྐོར་དང་། བོད་ནང་ལེགས་བཅོས་ལས་ཁུངས་བཙུགས་པ་སོགས་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་བདེ་ཐབས་མཛད་ཡོད་ཀྱང་། རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པའི་རྐྱེན་གྱིས་ཐུགས་དགོངས་ཇི་བཞིན་སྒྲུབ་མ་ཐུབ་པ་དང་། བཙན་བྱོལ་ལ་ཕེབས་འབྱོར་བྱུང་རྗེས། ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཙན་བྱོལ་བོད་མིའི་གནས་ཡུལ་ས་ཁུལ་ཡོངས་ནས་སེར་སྐྱ་མི་མང་ཚོགས་འཛོམས་ཀྱིས་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བླང་དོར་ཞུ་བྱའི་མནའ་གན་མཐུ་མོ་ཆེ་འབུལ་ལམ་ཞུས་སྐབས། བོད་འདི་སྔར་ལྟར་མ་ཡིན་པར་ཆོས་སྲིད་གཉིས་ལྡན་མང་གཙོའི་གཞུང་ཞིག་དགོས་པ་གལ་ཆེར་བརྟེན་སྔ་འཕྲོས་ཆོས་ལུགས་ཆེན་པོ་བཞི་ནས་འཐུས་མི་རེ་དང་། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་འོས་འདེམས་བྱེད་དགོས་པའི་བཀའ་ཕེབས་པ་ལྟར། ཕྱི་ཟླ་ ༩ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་དུ་སྐབས་དང་པོའི་སྤྱི་འཐུས་གྲངས་ ༡༣ ནས་ནས་དམ་འབུལ་ཞུས་ཏེ། བཙན་བྱོལ་བོད་མིའི་མང་གཙོའི་གཞུང་དབུ་བརྙེས་པའི་སྐོར་དང་། ཕྱི་ལོ་ ༡༩༦༡ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་དང་། ༡༩༦༣ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་གསལ་བསྒྲགས། ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་པ། ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་གནང་འགོ་བཙུགས་པ་དང་། ༢༠༡༡ ལོར་༧གོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་རྣམས་ལ་རྩིས་སྤྲོད་གནང་བ་སོགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ངོ་སྤྲོད་དང་། དེ་བཞིན་བོད་མིའི་སྤྱི་འཐུས་ལྷན་ཚོགས་ཀྱི་ད་ལྟའི་གྲུབ་ཆ་དང་། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་སྐོར་ལ་ངོ་སྤྲོད་གནང་ཡོད་པ་བཅས།