༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༥ པའི་ཚེས་ ༦ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཞབས་ཨན་ཊོ་ནི་ཨལ་བྷ་ནི་སི་ (Anthony Albanese) མཆོག་གིས་སྣེ་ཁྲིད་པའི་སྲིད་དོན་ཚོགས་པར་ཨོ་སི་ཀྲོ་ལི་ཡའི་འོས་བསྡུའི་རྒྱལ་ཁ་ཐོབ་ནས་སླར་ཡང་སྲིད་བློན་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་གནང་ཡོད།
དེ་ཡང་འཚམས་འཕྲིན་ནང་འཁོད་དོན། ངས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཉིད་སླར་ཡང་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུ་རྒྱུ་དང་། སྐུ་ཉིད་ལ་སླར་ཡང་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེས་མི་མང་གིས་སྐུ་ཉིད་ཀྱི་དབུ་ཁྲིད་གནང་ཕྱོགས་ལ་ཡིད་ཆེས་ཆེན་པོ་གནང་གི་ཡོད་པ་མཚོན་གྱི་ཡོད་པ་རེད།
བོད་ཀྱི་བདེན་དོན་འཐབ་རྩོད་ཐོག་ཨོ་སི་ཀྲོ་ལི་ཡའི་གཞུང་མང་གཉིས་ནས་ད་བར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷག་པར་དུ་ཨོ་སི་ཀྲོ་ལི་ཡའི་གཞུང་གི་ལས་འཆར་ཐོག་ནས་བོད་མིའི་བདེ་དོན་ཐོག་གཟིགས་སྐྱོང་གནང་སྟེ། བོད་མི་མང་པོ་ཞིག་ཨོ་སི་ཀྲོ་ལི་ཡའི་རྒྱལ་ཁབ་ནང་གཞིས་ཆགས་ནས་དོན་དང་ལྡན་པའི་མི་ཚེ་སྐྱེལ་བཞིན་པའི་ཐོག རང་དབང་གི་ཁོར་ཡུག་ནང་བོད་ཀྱི་ཆོས་དང་། རིག་གཞུང་མི་ཉམས་རྒྱུན་འཛིན་གནང་ཐུབ་ཀྱི་ཡོད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་སྲིད་བློན་མཆོག་གིས་སྣེ་ཁྲིད་པའི་ཨོ་སི་ཀྲོ་ལི་ཡའི་གཞུང་གིས་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་བ་བྱེད་བཞིན་ཡོད།
སྐུ་ཉིད་ཀྱི་དབུ་ཁྲིད་ལམ་སྟོན་འོག མུ་མཐུད་མང་གཙོ་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་བཅས་གོང་མཐོར་ཡོང་བའི་རེ་བ་ཞུ་རྒྱུ་ཡིན། དེ་བཞིན་ཨོ་སི་ཀྲོ་ལི་ཡའི་རྒྱལ་ཁབ་ཡར་རྒྱས་དང་། རྒྱལ་སྤྱིའི་ནང་ཞི་བདེ་དང་། བརྟན་རླིང་། འགྲོ་བ་མིའི་རིན་ཐང་བཅས་ཀྱི་ཐོག་ནུས་པ་སྔར་ལྷག་འདོན་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བ