དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྒྱ་གར་རྒྱལ་ས་ལྡི་ལི་དང་བོན་གཞིས་ཌོ་ལན་ཇི་གཞུང་འབྲེལ་ཐོག་ཕེབས་གཏན་འཁེལ་བ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༨ ནས་ ༡༢ བར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གཞུང་འབྲེལ་གྱི་རྒྱ་གར་རྒྱལ་ས་ལྡི་ལིར་ལ་དྭགས་བླ་མ་བློ་བཟང་མཆོག་གི་དྲན་རྟེན་ཐུགས་གསོའི་ཚོགས་འདུ་དང་། དེ་རྗེས་རྒྱ་གར་མངའ་སྡེ་ཧི་མ་ཅྰལ་དུ་རྟེན་གཞི་བྱས་པའི་བོན་གཞིས་ཌོ་ལན་ཇི་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བདུད་རྩི་འོད་ཟེར་འཁྱིལ་བ་སྨན་གྱི་སྒྲུབ་ཆེན་དབུ་འབྱེད་མཛད་སྒོར་ཕེབས་གཏན་འཁེལ་ཡོད།

དེ་ཡང་ཕྱི་ཚེས་ ༨ ཉིན་དྷ་རམ་ས་ལ་ནས་རྒྱ་གར་རྒྱལ་ས་ལྡི་ལི་ཕྱོགས་སུ་ཕེབས་གནང་རྒྱུ་དང་། ཕྱི་ཚེས་ ༩ ཉིན་ལ་དྭགས་བླ་མ་བློ་བཟང་མཆོག་གི་དྲན་རྟེན་ཐུགས་གསོའི་ཚོགས་འདུ་ (Condolence meeting in memory) ཞིག་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ (International Buddhist Confederation) ནས་གོ་སྒྲིག་གནང་བ་དེར་མཉམ་ཞུགས་གནང་རྒྱུ་དང་།

ཕྱི་ཚེས་ ༡༠ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་ནས་བོན་གཞིས་ཌོ་ལན་ཇི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཕེབས་གནང་རྒྱུ་དང་། ༸རྒྱལ་བ་སྨན་རི་བའི་སྐུ་ཐོག་རེ་རེའི་སྨན་རིའི་སྒྲུབ་ཆེན་ཞེས་བདུད་རྩི་འོད་ཟེར་འཁྱིལ་བའི་སྒྲུབ་ཆེན་རེ་འཚོགས་སྲོལ་ཡོད་པ་བཞིན་ཚེས་ ༡༡ ཉིན་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་དབུ་བཞུགས་ཀྱིས་ཞོགས་པའི་ཕྱག་ཚོད་ ༡༡།༣༠ ནས་བདུད་རྩི་འོད་ཟེར་འཁྱིལ་བ་སྨན་གྱི་སྒྲུབ་ཆེན་གྱི་སྔོན་འགྲོའི་དབུ་འབྱེད་མཛད་རིམ་ཁག་དབུ་འཛུགས་གནང་རྒྱུ་དང་། དེར་སྐུ་མགྲོན་གཙོ་བོར་ཧི་མ་ཅྰལ་མངའ་སྡེའི་སྲིད་སྐྱོང་མཆོག་ཀྱང་ཕེབས་གནང་རྒྱུ་རེད་འདུག

དེ་ནས་ཕྱི་ཚེས་ ༡༢ ཉིན་ཕྱིར་དྷ་རམ་ས་ལར་ཕེབས་ཐོན་གནང་རྒྱུ་ཡིན་པ་བཅས།