དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གི་དབུ་ཁྲིད་འོག རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་རྒྱལ་ས་ལྡི་ལིར་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ཡོངས་སུ་ལེགས་གྲུབ་བྱུང་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༦ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གི་དབུ་ཁྲིད་འོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་བཅས་ལས་གྲུབ་པའི་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་ཉིན་ལྔ་པའི་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ཡོངས་སུ་ལེགས་གྲུབ་བྱུང་ཡོད་འདུག

དེ་ཡང་ཉིན་ལྔ་པར་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི། མེ་འཁོར་རྒྱུན་ལས་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ Farooq Abdullah མཆོག་དང་། རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི། རྒྱུན་ལས་ཀྱི་སྤྱི་ཚོགས་དྲང་བདེན་དང་ནུས་སྟོབས་གོང་འཕེལ་ཚོགས་ཆུང་གི་འཐུས་མི། རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ་ལྷན་ཁང་གི་སློབ་སྟོན་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ Hans Raj Hans མཆོག དེ་བཞིན་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི། ཕྱི་སྲིད་རྒྱུན་ལས་ཀྱི་ཚོགས་མི་སྐུ་ཞབས་ Manoj Tiwari མཆོག་དང་མཇལ་འཕྲད་གནང་ནས་བོད་དོན་ཞུ་སྐུལ་ལས་དོན་བསྐྱངས་གནང་སོང་།

རྒྱ་གར་གྲོས་ཚོགས་འཐུས་མི་གསུམ་ལ་བོད་ནང་རྒྱ་ནག་དམར་པོའི་དབང་སྒྱུར་འོག བོད་མི་རྣམས་ལ་འཕྲད་བཞིན་པའི་ཛ་དྲག་གི་དཀའ་ངལ་རྣམས་ངོ་སྤྲོད་དང་། བོད་ནང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་གཏོར་བཤིག་བཏང་དང་གཏོང་བཞིན་ཡོད་པའི་སྐོར་གསུངས་གནང་ནས། ཁོང་རྣམ་ལ་ཕྱིར་བསྒྲགས་ཀྱི་སྡིངས་ཆ་གང་ཡོད་ལ་དེའི་ཐོག་གླེང་སློང་བྱེད་དགོས་ཀྱི་སྐུལ་མ་གནང་། རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པས་ཀྱང་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་དང་། བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་གནང་སོང་།

རིམ་པས་རྒྱུན་ལས་སྐུ་ཚབ་ཚོགས་ཆུང་ནས་འཕགས་བོད་འབྲེལ་མཐུད་ཚོགས་པའི་གོ་སྒྲིག་འོག རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ། རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ Khrimey མཆོག་དང་། སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Pankaj Goyal མཆོག  དེ་བཞིན་རྒྱུན་ལས་རྣམ་པ་དང་བཅས་བོད་དོན་ཐོག་ཚོགས་འདུ་ཞིག་ཚོགས་གནང་སོང་།

དེ་རྗེས་ཁ་པར་གྱི་དྲ་ལམ་བརྒྱུད་འཕགས་བོད་འབྲེལ་མཐུད་ཚོགས་པའི་ལམ་སྟོན་པ་སྐུ་ཞབས་ Indresh Kumar མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག སྐུ་ཞབས་ R. Khrimey མཆོག སྐུ་ཞབས་ Pankaj Goyal མཆོག་བཅས་བོད་རྒྱའི་དཀའ་རྙོག་ཐད་ཕན་ཚུན་གོ་རྟོགས་བརྗེ་རེས་གནང་བ་མ་ཟད། ཚོགས་འདུའི་སྐབས་དཔལ་ལྡན་བོད་མི་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱ་ནག་གིས་བོད་ཐོག་བཏོན་པའི་རྒྱབ་ཤ་དཀར་པོའི་ཡིག་ཆ། བོད་མཐོ་སྒང་ནི་ཨེ་ཤེ་ཡའི་ཆུ་བོ་ཆེ་ཁག་གི་ཆུ་མགོ་ཡིན་པས་གལ་གནད། དེ་བཞིན་ཁོང་རྣམ་པས་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་ད་བར་གནང་དང་གནང་མུས་ཡིན་པར་དེར་ལེགས་གསོལ་དང་། མུ་མཐུད་དེ་ལྟར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད།

རྒྱ་གར་རྒྱལ་ས་ལྡི་ལི་རུ་ཉིན་ལྔ་ཡི་རིང་དཔལ་ལྡན་བོད་མི་མང་གི་རྒྱུན་ལས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྱི་སྲིད་དོན་སྣ་མང་ཚོགས་པའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ ༢༠ དང་། དེ་བཞིན་མངའ་སྡེ་གྲོས་ཚོགས་འཐུས་མི་ ༢༠ ཙམ། གཞན་ཡང་གནད་ཡོད་མི་སྣ་ཁག་མཇལ་འཕྲད་གནང་ནས་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ཡོངས་སུ་ལེགས་པར་གྲུབ་སོང་།

 

 

.