དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་སྣེ་ཁྲིད་འོག སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ལྡི་ལི་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། བློན་ཆེན། གྲོས་ཚོགས་འཐུས་མི་སོགས་དང་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༥ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྣེ་ཁྲིད་འོག སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་རྒྱལ་ས་ལྡི་ལི་མངའ་སྡེའི་གྲོས་ཚོགས་སུ་ཕེབས་བཅར་གྱིས་ཚོགས་གཙོ་དང་གྲོས་ཚོགས་འཐུས་མི་དང་། ལྡི་ལི་མངའ་སྡེའི་བློན་ཆེན་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་སོགས་ཀྱི་ལས་རིམ་བསྐྱངས་གནང་ཡོད།

དེ་ཡང་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཞུ་སྐུལ་ཉིན་བཞི་པར་ཐོག་མར་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Prataprao Jadhav མཆོག་དང་ཁོང་གི་ལམ་སྟོན་པ་སྐུ་ཞབས་ Hritik Ghuge ལགས་སོགས་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་ནས་བོད་དོན་ཞུ་སྐུལ་གནང་།

དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་སྣེ་ཁྲིད་འོག་རྒྱུན་ལས་རྣམས་ལྡི་ལི་མངའ་སྡེའི་གྲོས་ཚོགས་སུ་ཚོགས་གཙོ་ Ram Niwas Goel མཆོག་གིས་གྲོས་ཚོགས་འཚོགས་བཞིན་པའི་སྐབས་དགའ་བསུ་ཞུ་གནང་བ་དང་དེ་རྗེས་མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་ Ram Niwas Goel མཆོག་དང་། མངའ་སྡེའི་ཤེས་ཡོན་བློན་ཆེན་ལྕམ་སྐུ་ Atishi Marlena མཆོག་དང་། མངའ་སྡེའི་ཁོར་ཡུག་བློན་ཆེན་སྐུ་ཞབས་ Gopal Rai མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ajay Dutt མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Madan Lal མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Bhavana Gaur མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Pramila Tokas མཆོག་སོགས་མངའ་སྡེའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་བ་དང་། དེ་རྗེས་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་དང་འཐུས་མི་རྣམས་ནས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་གུང་ཚིགས་གསོལ་སྟོན་གོ་སྒྲིག་གནང་ཡོད་པ་རེད།

ཕྱི་དྲོར་རྒྱ་གར་ Rashtriya SwayamSevak Sangh (RSS) ཚོགས་པའི་དབུ་ཁྲིད་དང་འཕགས་བོད་འབྲེལ་མཐུད་ཚོགས་པའི་ལམ་སྟོན་པ་སྐུ་ཞབས་ Indresh Kumar མཆོག་དང་མཇལ་འཕྲད་ཞུ་གནང་བ་བཅས།