དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཧི་མཱ་ལ་ཡའི་དུས་སྟོན་གྱི་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་དུ་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༠ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ཧྲིལ་པོ་ ༣༤ འཁོར་བའི་དུས་སྟོན་སྲུང་བརྩི་ཉིན་མོ་དང་བསྟུན། ལོ་ལྟར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ངོས་ནས་ཧི་མཱ་ལ་ཡའི་དུས་སྟོན་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༠དང་ ༡༡ བཅས་ཉིན་གཉིས་རིང་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་དང་ཟུང་འབྲེལ་ཐོག་བོད་ཀྱི་ཟློས་གར་ཚོགས་ཁང་ནང་ཧི་མཱ་ལ་ཡ་དུས་སྟོན་ཐེངས་ ༢༧ པ་སྲུང་བརྩི་གནང་བའི་ཐོག ཉིན་གཉིས་པའི་མཇུག་བསྡོམས་མཛད་སྒོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་པ་དང་། དེ་བཞིན་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇིཏ་ནེ་རི་ཡྰ་ (Shri Ajit Nehria, President of Indo-Tibetan Friendship Association) མཆོག་དང་། གཞན་ཡང་ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱུན་ལས། གནས་ཡོད་མི་སྣ་དང་མི་མང་བཅས་ཕེབས་ཡོད། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན།

​ད་ལན་ཧི་མཱ་ལ་ཡའི་དུས་སྟོན་ཐེངས་ ༢༧ སྲུང་བརྩིའི་མཛད་སྒོའི་ཐོག་གཏམ་བཤད་བྱ་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་ཆེན་ཉིན་མོ་སྲུང་བརྩི་དང་མཉམ་དུ། རིག་གཞུང་མི་འདྲ་བ་རྣམས་གོ་རྟོགས་དང་། ཕན་ཚུན་མཐུན་འབྲེལ་ཡོང་རྒྱུའི་གོ་སྐབས་ལེགས་ཤོས་ཤིག་ཀྱང་ཡིན། དེར་བརྟེན་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཧིན་བོད་དབར་མཛའ་འབྲེལ་སྲ་བརྟན་དུ་གནས་ཕྱིར་རླབས་ཆེན་གྱི་ལས་དོན་བརྩམས་པ་དེར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན། ཧིན་བོད་དབར་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་དང་། ཆོས། རིག་གཞུང་སོགས་དམིགས་བསལ་གྱི་འབྲེལ་ཐག་ཉེ་པོ་ཡོད་པ་རེད། རྒྱ་གར་ནི་བོད་མི་བཙན་བྱོལ་བ་རྣམས་ལ་འདས་པའི་ལོ་ངོ་དྲུག་ཅུ་ལྷག་རིང་ཁྱིམ་ལྟ་བུ་གྱུར་ཡོད། རྒྱ་གར་གཞུང་མང་གཉིས་ནས་ད་བར་རྒྱབ་སྐྱོར་གཡོ་བ་མེད་པ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧི་མཱ་ཅལ་མངའ་སྡེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་མཛད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱང་འདིར་རྟེན་གཞི་ཆགས་པར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།