དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ལྷན་ཚོགས་ཀྱི་དྲ་རྒྱ་ལེགས་བཅོས་གནང་བ་དེ་བཞིན་དབུ་འབྱེད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༨ པའི་ཚེས་ ༢༤ ཉིན་གྱི་སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་དབུ་བཞུགས་ཐོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ལྷན་ཚོགས་ (International Network of Parliamentarians on Tibet (INPaT)) ཀྱི་དྲ་རྒྱ་ (www.inpat.org) ལེགས་བཅོས་གནང་བ་དེ་བཞིན་དབུ་འབྱེད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ལྷན་ཚོགས་འདི་ཉིད་ཐོག་མར་ཕྱི་ལོ་ ༢༠༠༩ ལོར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པའི་སྐབས་གསར་འཛུགས་གནང་བ་དང་། རིམ་པས་ཕྱི་ལོ་ ༢༠༡༢ ལོར་ཁེ་ན་ཊ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ལྷན་ཚོགས་བཅས་མཉམ་རུབ་ཐོག ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པ་གོ་སྒྲིག་ཞུས་ཡོད་པ། དེ་ནས་ཕྲན་བུ་ཉམས་ཆག་ལྟ་བུར་ཕྱིན་པ་དང་། ཕྱི་ལོ་ ༢༠༢༢ ལོར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་སྐབས་ལྷན་ཚོགས་འདི་ཉིད་སླར་གསོ་བྱུང་བ་སོགས་རྒྱབ་ལྗོངས་ལོ་རྒྱུས་ཁག་སྙིང་བསྡུས་དང་། དེ་བཞིན་ལྷན་ཚོགས་ཀྱི་གལ་གནད་དང་། མ་འོངས་པའི་ལས་དོན་སོགས་ཀྱི་ཐོག་གསུངས་པ་དང་། འབྲེལ་མཐུད་ལས་བྱེད་བློ་བཟང་མཚོ་མོ་ལགས་ཀྱིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ལྷན་ཚོགས་ཀྱི་དྲྭ་རྒྱའི་ནང་དོན་སྐོར་ཞིབ་ཕྲ་ངོ་སྤྲོད་གནང་ཡོད་པ་བཅས། །