དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་སྡེ་ར་ལྡུན་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།

༄༅། ། ༧སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༨ ཉིན་གནས་མཆོག་རྡོར་གདན་གྱི་ངོར་ཀླུ་ལྡིང་བླ་བྲང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་སྟེ། སྐུ་གདུང་རིན་པོ་ཆེ་གདན་སར་གདན་འདྲེན་ཞུས་རྗེས། དགོངས་རྫོགས་མཆོད་འབུལ་གནང་བཞིན་པ་དང་། ད་ལན་ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༡༦ ཉིན་སྡེ་ར་ལྡུན་མན་ཌུ་ཝ་ལ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་གང་ཉིད་མཆོག་གི་གདན་ས་ཆེན་མོ་ངོར་དཔལ་ཨེ་ཝཾ་ཆོས་ལྡན་དུ་སྐུ་གདུང་ཞུགས་འབུལ་ཞུ་གཏན་ཁེལ་འདུག་པ་ལྟར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གཞུང་འབྲེལ་ཆེད་བཅར་གནང་གཏན་ཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཟླ་ ༢ ཚེས་ ༡༥ ཉིན་བཞུགས་སྒར་རྡ་ས་ནས་སྡེ་ར་ལྡུན་ལ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༦ ཉིན་སྐུ་གདུང་ཞུགས་འབུལ་ཐོག་ཆེད་བཅར་ཞུ་རྒྱུ། ཕྱི་ཚེས་ ༡༧  ཉིན་སྡེ་ར་ལྡུན་ནས་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །