དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཧྥིན་ལན་ཌི་གཞུང་ཚབ་ཁང་དུ་ཧྥིན་ལན་ཌི་རྒྱལ་ཁབ་རང་བཙན་ཉིན་མོ་སྲུང་བརྩིའི་ཐོག་ཆེད་ཕེབས་གནང་བ།

༄༅། །རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཧྥིན་ལན་ཌི་གཞུང་ཚབ་ཁང་དུ་ཧྥིན་ལན་ཌི་རྒྱལ་ཁབ་རང་བཙན་ཉིན་མོ་སྲུང་བརྩིའི་སླད། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡ ཉིན་གྱི་དགོང་མོ་ལས་རིམ་ཞིག་གོ་སྒྲིག་ཞུས་པའི་ཐོག ཧྥིན་ལན་ཌི་གཞུང་ཚབ་ཆེན་མོ་ལྕན་སྐུ་རི་ཊི་ཝ་ ཀའོ་ཀུ་ རོན་ཌི་ (Ritva Koukku-Ronde) མཆོག་དང་། སྐུ་ཞབས་ཧི་ཌེ་ རོན་ཌི་ (Dr. Hidde Ronde) མཆོག་རྣམ་གཉིས་ཀྱིས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད།

སྐབས་དེའི་མཛད་སྒོའི་ཐོག་རྒྱ་གར་ཕྱི་འབྲེལ་དང་ཤེས་ཡོན་བློན་ཆེན་གཞོན་པ་སྐུ་ཞབས་ (Dr. Rajkumar Ranjan Singh, Honourable Minister of State for External Affairs and Education, Government of India) མཆོག་དང་། རྒྱལ་ཁབ་འདྲ་མིན་གྱི་གཞུང་ཚབ་ཆེན་མོ། གཞུང་ཚབ་ཀྱི་གནད་ཡོད་མི་སྣ། གཞུང་གི་མཐོ་རིམ་ལས་བྱེད། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྒྱ་གར་ནང་གི་གནད་ཡོད་མི་སྣ་དང་བཟོ་ཚོང་སྡེ་ཚན་ཁག་གི་འགན་འཛིན་སོགས་ཕེབས་འདུག

སྐུ་མགྲོན་རྣམ་པ་འདུ་འཛོམས་གནང་རྗེས་ལས་རིམ་དབུ་འཛུགས་གནང་ཞིང་། དེའི་སྐབས་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཧྥིན་ལན་ཌི་གཞུང་ཚབ་ཁང་གི་ཚོང་དང་དཔལ་འབྱོར་འགན་འཛིན་སྐུ་ཞབས་ (Tarvo Nieminen) མཆོག་དང་། འཛིན་སྐྱོང་གི་དྲུང་ཆེ་གཉིས་པ་སྐུ་ཞབས་ (Pekka Sommerberg) མཆོག གཞུང་ཚབ་ཀྱི་བདེ་འཇགས་འགན་ཁུར་བ་སྐུ་ཞབས་ (Paulina Fors) མཆོག་བཅས་དང་ལྷན་མཇལ་འཕྲད་ཀྱིས་ཧྥིན་ལེན་ཌི་རྒྱལ་ཁབ་རང་བཙན་ཐོབ་ནས་ལོ་ངོ་ ༡༠༥ འཁོར་བར་དགའ་བསུའི་འཚམས་འདྲི་དང་སྦྲགས། ཧྥིན་ལན་ཌི་རྒྱལ་ཁབ་དེ་བཞིན་ཡུ་རོབ་ནང་གི་རྗེས་ལུས་ཅན་གྱི་རྒྱལ་ཁབ་གཅིག་ནས་ད་ཆ་ཆེས་ཡར་ཐོན་ཅན་གྱི་མང་གཙོའི་རྒྱལ་ཁབ་ཞིག་ཏུ་འགྱུར་བ་ཙམ་མ་ཟད། ཆབ་སྲིད་ནང་བུད་མེད་ཀྱི་མཉམ་ཞུགས་ཚད་མཐོ་བ། རྒྱལ་སྤྱིའི་སྟེང་རྒྱལ་ཁབ་སྐྱིད་ཤོས་ཀྱི་བྱ་དགའ་ལོ་བཞི་བསྟུད་མར་བཞེས་པར་བསྔགས་བརྗོད་ཞུས་པ་དང་། མ་འོངས་པར་མང་གཙོ་སྲ་བརྟན་དང་། དེ་བཞིན་བོད་མིའི་ཤེས་ཡོན་གྱི་ཐོག་ཁོང་རྣམ་པའི་དྲུང་ནས་ལེགས་ཆ་སྤེལ་རེས་ཀྱི་གོ་སྐབས་ཡོད་མེད་སོགས་ཀྱི་ཐོག་བཀའ་བསྡུར་གནང་ཡོད་འདུག


དེ་རྗེས་སུཝི་ཌན་གཞུང་ཚབ་ཁང་གི་རིག་གཞུང་འགན་འཛིན་སྐུ་ཞབས་ (Markus Lundgre) མཆོག་དང་། ཚན་རིག་ཉམས་ཞིབ་དང་། ལེགས་བཅོས་འགན་འཛིན་སྐུ་ཞབས་ (Dr.Par-Arne Wikstrom) མཆོག གཞུང་ཚབ་ཁོངས་གཏོགས་བདེ་སྲུང་འགན་འཛིན་སྐུ་ཞབས་ (Johan Tornqvist) མཆོག་བཅས་དང་ལྷན་མཇལ་འཕྲད་ཀྱིས། སུཝི་ཌན་དེ་བཞིན་ལོ་རྗེས་མར་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོགས་གཙོ་གནང་གཏན་ཁེལ་ཡོད་པར། དགའ་བསུའི་འཚམས་འདྲི་དང་། ཚོགས་གཙོའི་འགན་ཁུར་བཞེས་སྐབས་བྱ་བ་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་བཅས་ཞུས་གནང་རྗེས། བོད་མིའི་སྒྲིག་འཛུགས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐོར་ངོ་སྤྲོད་སྙིང་བསྡུས་ཞུས་གནང་ཡོད་འདུག

ཕྱི་དྲོ་ཆུ་ཚོད་ ༧ པའི་ཐོག་ཧྥིན་ལེན་ཌ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་ལྕམ་སྐུ་རི་ཌི་ཝ་ ཀའོ་ཀུ་ རོན་ཌི་ (Ambassador Ritva Koukku-Ronde) མཆོག་དང་། རྒྱ་གར་ཕྱི་འབྲེལ་དང་ཤེས་ཡོན་བློན་ཆེན་གཞོན་པ་སྐུ་ཞབས་ (Dr. Rajkumar Ranjan Singh) མཆོག་རྣམ་གཉིས་ཀྱིས་ལས་རིམ་གཙོ་སྐྱོང་གནང་ཞིང་། དེ་ཡང་ཐོག་མར་སྐུ་མགྲོན་ཚང་མ་སྐུ་བཞེངས་ཐོག་རྒྱ་གར་དང་། ཧྥིན་ལེན་ཌ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་བཏང་རྗེས། ཧྥིན་ལེན་ཌ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་ལྕམ་སྐུ་རི་ཌི་ཝ་ ཀའོ་ཀུ་ རོན་ཌི་ (Ambassador Ritva Koukku-Ronde) མཆོག་གིས་ཧྥིན་ལེན་ཌ་སྤྱི་མཐུན་རྒྱལ་ཁབ་རང་བཙན་ཐོབ་ནས་མི་ལོ་ ༡༠༥ འཁོར་བའི་ཚོགས་ཐོག་ཏུ་ཕེབས་པ་ཚང་མར་འཚམས་འདྲི་དང་འབྲེལ། ཧྥིན་ལེན་ཌི་རྒྱལ་ཁབ་དེ་བཞིན་ཡར་ཐོན་གྱི་རྒྱལ་ཁབ་ཙམ་དུ་མ་ཟད། སྤྱི་ཚོགས་སྐྱིད་ཤོས་ཡིན་པའི་བྱ་དགའ་ཐོབ་མྱོང་བ། དེ་བཞིན་ཆབ་སྲིད་ནང་ཕོ་མོའི་གྲངས་ཚད་འདྲ་མཉམ་ཡོད་པ། ད་བར་རྒྱ་གར་རྒྱལ་ཁབ་དང་འབྲེལ་བ་བྱུང་ནས་ལོ་ངོ་ ༧༣ འཁོར་གྱི་ཡོད་པ་སོགས་ཀྱི་གསུང་བཤད་དང་། དེ་རྗེས་རྒྱ་གར་ཕྱི་འབྲེལ་དང་ཤེས་ཡོན་བློན་ཆེན་གཞོན་པ་སྐུ་ཞབས་ (Dr. Rajkumar Ranjan Singh) མཆོག་གིས་རྒྱ་གར་དང་ཧྥིན་ལེན་ཌི་རྒྱལ་ཁབ་གཉིས་དབར་འབྲེལ་བ་དམ་ཟབ་ཡོད་སྐོར་གྱི་གསུང་བཤད་གནང་འདུག


སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོ་རི་ཤི་ཡའི་སྤྱི་མཐུན་རྒྱལ་ཁབ་ (Republic of Croatia) གྱི་རྒྱ་གར་ནང་གི་གཞུང་ཚབ་ཆེན་མོ་སྐུ་ཞབས་ (Petar Ljubicic) མཆོག་དང་། རྒྱ་གར་ནང་རྟེན་གཞི་བྱས་པའི་ར་ཝན་ཌ་སྤྱི་མཐུན་རྒྱལ་ཁབ་ (Republic of Rwanda) ཀྱི་ཁྲིམས་དོན་སློབ་སྟོན་པ་གཉིས་པ་སྐུ་ཞབས་ (Irakoze Prosper) མཆོག མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྒྱ་གར་སྡེ་ཚན་གྱི་གནས་ཡུལ་སྤོ་བཤུད་ཚན་པའི་འགན་འཛིན་གཙོ་བོ་སྐུ་ཞབས་ (Sanjay Awasthi) མཆོག མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྒྱ་གར་སྡེ་ཚན་གྱི་བུད་མེད་ཚན་པའི་འགན་འཛིན་གཞོན་པ་ལྕམ་སྐུ་ (Kanta Singh) མཆོག (Financial Times) གསར་ཁང་གི་འགན་འཛིན་གཞོན་པ་སྐུ་ཞབས་ (Manish Kumar Jha) མཆོག་གི་གཙོས་གཞུང་ཚབ་ཁག་ལས་བྱེད་ཁག་ཅིག་དང་ལྷན་མཇལ་འཕྲད་གནང་ཡོད་འདུག


མཐར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཧྥིན་ལན་ཌི་གཞུང་ཚབ་ཆེན་མོ་ལྕམ་སྐུ་རི་ཌི་ཝ་ ཀའོ་ཀུ་ རོན་ཌི་ (Ambassador Ritva Koukku-Ronde) མཆོག་གིས་ད་རེས་ཀྱི་ལས་རིམ་ཐོག་གདན་ཞུས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་རྗེས། ཐེངས་འདིའི་ལས་རིམ་གྲུབ་པ་དང་། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢ ཉིན་དཔལ་ལྡན་ཚོགས་གཞོན་མཆོག་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་ཡོད་པ་བཅས། །