དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པར་འཚམས་འདྲི་ཞུས་པ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༢༡ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། གསར་དུ་བདམས་ཐོན་བྱུང་བའི་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་རོ་བྷར་ཊཱ་མེཊ་སོ་ལཱ་ (Ms. Roberta Metsola) མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག

དེ་ཡང་འཚམས་འཕྲིན་ནང་འཁོད་དོན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྙིང་སྟོབས་ལ་རྒྱུན་ཏུ་ནས་བསྔགས་བརྗོད་གནང་མཁན་ཞིག་ཡིན། ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཐུན་མོང་ཐོག་རང་དབང་དང་། མང་གཙོ། འདྲ་མཉམ་ཡོང་ཐབས་ཀྱི་ལྟ་གྲུབ་དང་། དེ་བཞིན་འཛམ་གླིང་ནང་ཞི་བདེ་ལྷིང་འཇགས་ཡོང་ཐབས་གནང་བཞིན་ཡོད་པ་ནི་བསྔགས་བརྗོད་ཞུ་འོས་པ་ཞིག་ཆགས་ཀྱི་ཡོད། ང་ཚོས་ཀྱང་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་བརྩམས་དང་རྩོམ་མུས་ཡིན།

རྒྱ་ནག་དམར་གཞུང་གིས་བོད་ནང་ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་ཅིང་། ད་ལྟའི་ཆར་བོད་ནང་བོད་ཀྱི་སྐད་ཡིག་དང་། ནང་ཆོས། རིག་གཞུང་། བོད་མིའི་ངོ་བོ་དང་བཅས་པ་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཆགས་ཡོད། རྒྱ་གཞུང་འོག་བོད་མི་རྣམས་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པ་མ་ཟད། རྒྱ་དམར་གཞུང་གིས་སོ་སོའི་དཔལ་འབྱོར་གྱི་ཁེ་ཕན་བསྒྲུབ་ཆེད་མཐོ་སྒང་བོད་ཀྱི་ཁོར་ཡུག་ཚད་མེད་ཀྱིས་གཏོར་བཤིག་བཏང་དང་གཏོང་བཞིན་ཡོད་པ་དེས། ང་ཚོ་ཚང་མ་དངངས་འཚབ་སྐྱེ་དགོས་པ་ཞིག་ཆགས་ཡོད། བྱས་ཙང་ད་ལྟའི་བོད་ནང་གི་གནས་སྟངས་ནི་ཧ་ཅང་ཡ་ང་བ་ཞིག་དང་ཛ་དྲག་ཅན་ཞིག་ཡིན་པར་སོང་། སྐུ་ཉིད་ཀྱི་དབུ་འཁྲིད་འོག་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ནས་རྒྱ་ནག་དམར་གཞུང་གིས་བོད་ནང་སྡུག་སྦྱོང་མནར་གཅོད་གཏོང་རྒྱུ་འཚམས་འཇོག་ཡོང་རྒྱུའི་ཐོག་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཞུ་རྒྱུ་དང་། དེ་བཞིན་ད་བར་ཡུ་རོབ་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་རིམ་པར་བཞག་པ་སོགས་ཡུ་རོབ་གྲོས་ཚོགས་ནས་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་ལྟར། སྐུ་ཉིད་ཀྱི་ལས་ཡུན་རིང་དེ་ལྟར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཞུའི་ཡོད།

དེ་བཞིན་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་། ལྷག་པར་དུ་ཡུ་རོབ་ནང་བཙན་བྱོལ་བོད་མི་མང་པོ་ཞིག་གཞིས་སྤོས་བྱས་དང་བྱེད་བཞིན་ཡོད། ཡུ་རོབ་ནི་བཙན་བྱོལ་བོད་མི་མང་པོ་ཞིག་གི་གནས་ཡུལ་ཆགས་ཀྱི་ཡོད་སྟབས། ཡུ་རོབ་རྒྱལ་ཁབ་ཁག་གིས་བོད་མི་ཚོར་མཐུན་འགྱུར་རྒྱབ་སྐྱོར་གནང་དང་གནང་མུས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །