༄༅། །སྦིར་ནང་ཆེན་རིག་གཞུང་ཚོགས་པའི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༥ ཟླ་ ༦ པའི་ཚེས་ ༢༦ ཉིན་སྦིར་ནང་ཆེན་ས་གནས་སུ་༸དཔལ་༸རྒྱལ་བའི་དབང་པོ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་དབང་གི་རྡོ་རྗེ་མཆོག་བོད་ལུགས་དགུང་གྲངས་ ༤༡ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་ཞིག་སྲུང་བརྩི་ཞུས་གནང་སོང་།
སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་རྒྱུན་ལས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་རྒྱུན་ལས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་རྒྱུན་ལས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་རྒྱུན་ལས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག དེ་བཞིན་སྐུ་མགྲོན་དུ་བོད་ཁམས་བཟོ་ལས་ཚོགས་པའི་ཚོགས་གཙོ་སྡེ་དགེ་སྲས་བྱ་རྒོད་འཆི་མེད་རྡོ་རྗེ་མཆོག བོད་ཁམས་བཟོ་ལས་ཚོགས་པའི་ཚོགས་གཞོན་དང་། ནང་ཆེན་ཚོགས་པའི་ཚོགས་གཙོ་མཆོག་གླིང་སྲས་འཇམ་དབྱངས་རྒྱལ་མཚན་མཆོག ༸དཔལ་རྒྱལ་བ་མདོ་ཁམས་པའི་དྲུང་ཡིག་ཡེ་ཤེས་ཆོས་རྒྱལ་ལགས། དགོན་སྡེ་ཁག་གི་སྐུ་ཚབ་རྣམ་པ། སྦིར་ཁུལ་གྱི་ས་གནས་འགོ་འཛིན་རྣམ་པ་དང་། ས་འཐུས་ཚོགས་གཙོ་རྣམ་པ། སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་རྣམ་པ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་སྣེ། ས་གནས་མི་མང་བཅས་ཕེབས་འདུག
མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྒྱུན་ལས་རྣམ་པ་སོགས་ཀྱིས་གཙོས་པའི་སྐུ་མགྲོན་རྣམ་པས། ༸དཔལ་༸རྒྱལ་བའི་དབང་པོ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་ཁང་ནང་པདྨའི་ཨེ་ཝཱཾ་ཆོས་སྒར་རྟེན་མཆོག་འགྱུར་མེད་གླིང་གི་དགེ་འདུན་པ་རྣམ་པས་སྤོས་སྣེ་དང་བཅས་གདན་ཞུས་ཀྱིས་ཞབས་པད་མི་འཇིགས་གདོང་ལྔས་བཏེགས་པའི་སེངྒེ་ཁྲི་ལ་བཞུགས་སུ་གསོལ་རྗེས། སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་༸དཔལ་༸རྒྱལ་དབང་ཀརྨ་པའི་སྐུ་པར་མཐོང་གྲོལ་རིན་པོར་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་དང་། རིམ་པས་དམིགས་བསལ་སྐུ་མགྲོན་རྣམ་པ་དང་། སྐུ་མགྲོན། མི་མང་བཅས་ནས་མཇལ་དར་བསྒྲོན་འབུལ་ཞུས་གྲུབ་མཚམས། དཔལ་ལྡན་ཚོགས་གཙོ་མཆོག་གིས་འཁྲུངས་སྐར་གྱི་སྤྲི་གོར་བཏུབ་གནང་སོང་།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་གི་དུས་ཚོད་འདི་དམིགས་བསལ་ཞིག་སྟེ། ༸དཔལ་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་དུས་ཚོད་ཅིག་ཆགས་བསྡད་ཡོད་རེད། ད་ལྟ་གོང་དུ་ནང་ཆེན་ས་འཐུས་ཚོགས་གཙོས་༸དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེའི་མཛད་རྣམ་སྙིང་བསྡུས་སྙན་སྒྲོན་གནང་བ་གཞིར་བཟུང་རེད། སྤྱིར་ཕན་བདེ་མ་ལུས་པའི་འབྱུང་བའི་གནས་དེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཆགས་ཀྱི་ཡོད་ཅིང་། དེ་ཡང་བསྟན་པ་རིན་པོ་ཆེ་དེ་འཛིན་སྐྱོང་བྱེད་མཁན་དགེ་འདུན་གྱི་སྡེ་ལ་རག་ལུས་ཀྱི་ཡོད་རེད། དེའི་ཐོག་ནས་བསྟན་འཛིན་གྱི་སྐྱེས་བུ་ཞེས་པ་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་བསྡད་ཡོད་རེད། སྔར་རྒྱ་གར་འཕགས་པའི་ཡུལ་གྱི་མདོ་སྔགས་ཀྱི་ཆོས་ཚུལ་ཚང་ལ་མ་ནོར་བ་ཐམས་ཅད་མཁན་སློབ་ཆོས་གསུམ་ཞལ་འཛོམས་རྗེས་བོད་ལ་ཉི་མ་ཤར་བ་ལྟ་བུའི་དར་རྒྱས་བྱུང་བ་དང་། དེའི་རྗེས་སུ་བསྟན་འཛིན་གྱི་སྐྱེས་བུ་རིམ་པར་བྱོན་ཡོད། ༸དཔལ་༸རྒྱལ་དབང་ཀརྨ་པ་ལྟ་བུར་མཚོན་པ་ཡིན་ན། སྐུ་ཕྲེང་དང་པོ་༸དཔལ་༸རྒྱལ་དབང་ཀརྨ་པ་དུས་གསུམ་མཁྱེན་པ་ཆགས་བསྡད་ཡོད་ཅིང་། གཙོ་བོ་ཁོང་གིས་རིས་སུ་མ་མཆིས་པའི་ཆོས་ལ་སློབ་གཉེར་ཉམས་བཞེས་གནང་བ་དང་། ལྷག་པར་དུ་རྗེ་སྒམ་པོ་པ་མཇལ་ནས། རྗེ་སྒམ་པོ་པ་མཆོག་གིས་ཕྱི་ནང་གསང་གསུམ་གྱི་གདམས་ངག་རང་བྱོན་ཚུལ་དུ་ཀརྨ་པ་དུས་གསུམ་མཁྱེན་པར་གནང་རྗེས། ཉམས་བཞེས་དཔྱིད་ཕྱིན་པ་གནང་སྟེ་ཀརྨ་བཀའ་བརྒྱུད་སྲོལ་གཏོད་གནང་བ་དང་། དེའི་རྗེས་སུ་ཀརྨ་པ་དུས་གསུམ་མཁྱེན་པའི་ཡང་སྲིད་ཀརྨ་པཀྴི་བྱུང་སྟེ་བོད་ལ་སྤྲུལ་སྐུའི་ཡང་སྲིད་ཀྱི་ལམ་ལུགས་ཐོག་མར་བྱུང་ཞིང་། སྤྱིར་རྒྱ་གར་འཕགས་པའི་ཡུལ་དང་། བོད་ནང་ལ་སྤྲུལ་སྐུ་ཞེས་པའི་ཐ་སྙད་སྔོན་ནས་ཡོད་པ་ཞིག་སྟེ། བོད་ཀྱི་ལོ་ཙཱ་བ་ཀ་ཅོག་ཞང་གསུམ་ངོས་འཛིན་དང་སྐུ་འཁྲུངས་སའི་སྐོར་གུ་རུ་རིན་པོ་ཆེས་སྔོན་ནས་ལུང་བསྟན་ཟིན་ཡོད་རེད། ཡིན་ནའང་སྐུ་ཕྲེང་རིམ་པ་བྱས་ནས་ཕེབས་རྒྱུའི་སྤྲུལ་སྐུའི་ལམ་ལུགས་དེ་ཐོག་མ་ཀརྨ་པ་དུས་གསུམ་མཁྱེན་པའི་ཡང་སྲིད་ཀརྨ་པ་པཀྴི་ནས་མར་བྱུང་བ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་ཡང་བོད་ཀྱི་ནང་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་ནང་ནས་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་རིམ་བྱོན་དེ་མཛད་པ་ཁྱབ་ཆེ་ཤོས་གྲས་ཤིག་ཆགས་ཀྱི་ཡོད་ཅིང་། བོད་ཆོལ་ཁ་གསུམ་ཙམ་མ་ཟད། རྒྱ་ནག་དང་། སོག་པོའི་རྒྱལ་ཁབ་སོགས་ཀྱི་ནང་ལའང་དམིགས་བསལ་གྱི་མཛད་པ་བསྐྱངས་ཡོད་རེད། ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་ཐོག་ནས་དམིགས་བསལ་གྱིས་མཛད་འཕྲིན་བསྐྱངས་པའི་ནང་ནས་བོད་ཀྱི་ནང་པ་སངས་རྒྱས་པའི་བསྟན་པ་དེ་བཞིན་དར་ཁྱབ་དང་། བོད་ཀྱི་སྣོད་བཅུད་ཆ་ཚང་གི་ཐོག་ལ་ཀརྨ་པ་སྐུ་ཕྲེང་རིམ་བྱོན་ཐོག་ནས་ཐུགས་བསྐྱེད་རྨད་དུ་བྱུང་བ་ཞིག་ཆགས་བསྡད་ཡོད་རེད།
༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་ཞིང་ལ་གཤེགས་པའི་རྗེས་སུ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཡང་སྲིད་ངོས་འཛིན་མཛད་རྒྱུའི་སྐོར་གོང་ལ་མཛད་རྣམ་སྙིང་བསྡུས་ནང་ངོ་སྤྲོད་ཞུས་པ་གཞིར་བཟུང་རེད། དེ་ཡང་ཕྱི་ལོ་ ༡༩༨༥ ལོར་ཁམས་ལྷ་ཐོག་ཏུ་སྐུ་འཁྲུངས་པའི་རྗེས་སུ་དགུང་ལོ་བདུན་གྱི་ཐོག་ལ་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་ལ་ངོས་འཛིན་དང་། དེ་ནས་དབུས་ཀྱི་མཚུར་ཕུ་དགོན་ལ་གསེར་ཁྲི་མངའ་གསོལ་ཞུས་རྗེས། ཡི་གེ་འབྲི་ཀློག་སོགས་ལ་སློབ་གཉེར་གནང་རྒྱུས་མཚོན་པའི་སངས་རྒྱས་ཀྱི་བསྟན་པར་དམིགས་བསལ་གྱིས་ཞབས་ཏོག་ཞུ་རྒྱུར་ཐུགས་བསྐྱེད་རྨད་དུ་བྱུང་བ་དེ་དུས་ནས་འགོ་ཚུགས་པ་ཞིག་ཆགས་བསྡད་ཀྱི་འདུག དེ་ནས་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་ཕྱི་ནང་གི་གནས་ཚུལ་མང་པོར་གཟིགས་ཏེ། རྒྱ་གར་ལ་ཕེབས་རྒྱུའི་དགོངས་པ་བཞེས་པ་ལྟར། གསང་སྟབས་ཀྱི་ཐོག་ནས་ཕྱི་ལོ་ ༢༠༠༠ ཟླ་ ༡ པོའི་ཚེས་ ༥ ཉིན་ཕྱི་ལུགས་དགུང་གྲངས་ ༡༤ ཡི་ཐོག་བཞུགས་སྒར་རྡ་རམ་ས་ལར་ཕེབས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཏེ། སངས་རྒྱས་ཀྱི་བསྟན་པ་རྒྱལ་ཁམས་ཡོངས་ལ་དར་ཁྱབ་གནང་རྒྱུའི་དམིགས་བསལ་གྱིས་ཐུགས་བསྐྱེད་གསར་པ་ཞིག་འགོ་ཚུགས་པར་ངོས་འཛིན་གནང་ན་མ་འགྲིག་པ་མི་འདུག རིན་པོ་ཆེ་མཆོག་རྡ་རམ་ས་ལར་སྐུ་མདུན་གྱི་ཉེ་འཁྲིས་རྒྱུད་སྟོད་ར་མོ་ཆེར་བཞུགས་ནས་ཡོངས་འཛིན་ཁྲ་འགུ་རིན་པོ་ཆེ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་མང་པོ་ཞིག་ལ་བསྟེན་ནས་མདོ་སྔགས་དང་། གཞུང་ཆེན་ཁག དབང་ལུང་ཁྲིད་གསུམ་སོགས་ནང་པའི་ཆོས་ནང་ཡོངས་སུ་གྲགས་པ་ཐམས་ཅད་ཚུལ་བཞིན་གསན་བཞེས་གནང་བ་ཙམ་མ་ཟད། དེ་ལ་ཉམས་བཞེས་གནང་ནས་བོད་ཙམ་མ་ཡིན་པར། ཧི་མ་ལ་ཡའི་རི་རྒྱུད་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་རིན་པོ་ཆེ་མཆོག་གི་མཛད་འཕྲིན་དུས་ཚོད་ཐུང་ཐུང་ནང་ལོགས་ལ་དར་ཁྱབ་བྱུང་ཐུབ་པ་དེ་ཁོང་གི་དམིགས་བསལ་གྱིས་ཐུགས་བསྐྱེད་དང་མཛད་འཕྲིན་ལ་བརྟེན་ནས་བྱུང་བ་ཞིག་ལ་ངོས་འཛིན་བྱེད་ཐུབ་ཀྱི་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་ལྗགས་རྩོམ་མཛད་པའི་ཨིན་ཡིག་མཛད་རྣམ་བོད་དང་བོད་མིའི་མགྲིན་ཚབ་ (Voice for the Voiceless) ཅེས་པའི་ནང་ལོགས་ལ། ལོ་རབས་དགུ་བཅུ་པའི་དུས་ཚོད་རྫོགས་པའི་རྗེས་ལ་ཉིས་སྟོང་ལོ་འགོ་བཙུགས་པ་དང་དགའ་སྣང་སྐྱེ་བའི་གནས་ཚུལ་ཡ་མཚན་པ་ཞིག་ལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གློ་བུར་དུ་གསང་སྟབས་ཀྱི་ཐོག་ནས་རྒྱ་གར་ལ་ཕེབས་འབྱོར་གནང་སོང་། ཁོང་གི་སྐུ་ཐོག་གོང་མ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་དང་ངོས་ཞལ་འདྲིས་ཟབ་མོ་ཡོད། ཁོང་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་པའི་ཆོས་ལུགས་དབུ་ཁྲིད་ཚོའི་ནང་ནས་གནད་ཆེའི་བླ་ཆེན་ཞིག་ཡིན། དེར་བརྟེན་ངོས་ནས་ཀརྨ་པའི་ཡང་སྲིད་གསར་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེར་དགའ་བསུ་དང་། ཁོང་དང་ཁོང་གི་སྐུ་འཁོར་རྣམས་ལ་ཕན་གྲོགས་གང་ཐུབ་དང་ལྷག་པར་ཁོང་གི་བསླབ་པ་སློབ་གཉེར་ཐད་ཕྱག་རོགས་ཞུ་རྒྱུར་ཧ་ཅང་དགའ་པོ་བྱུང་ཞེས་ཕྱག་དེབ་གསར་པ་དེའི་ནང་བཀོད་ཡོད་རེད། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་དངོས་ཀྱི་ནང་ལོགས་ལའང་མ་འོངས་པར་མགོན་པོ་གང་ཉིད་ཀྱི་མཛད་འཕྲིན་གྱི་རྗེས་སྐྱོང་མཁན་ཡིན་ཞེས་གསུངས་པའང་མཇལ་རྒྱུ་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གཞིར་བཟུང་། ཀརྨ་པ་རིན་པོ་ཆེ་མཆོག་གིས་དུས་ཚོད་ཆུས་ཟོད་མ་བཏང་བའི་ཐོག་ནས་མདོ་སྔགས་རིག་གནས་ལ་གསན་སྦྱོང་ཙམ་མ་ཟད། རྒྱལ་སྤྱིའི་སྐད་ཡིག་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་བཅུ་ཕྲག་རིག་པའི་གནས་ཚང་མར་ཐུགས་སྣང་གནང་སྟེ་འཛམ་གླིང་སྟེང་ངོ་སྤྲོད་གནང་རྒྱུས་མཚོན་པའི་ཞབས་ཏོག་སྒྲུབ་ཐུབ་རྒྱུའི་གཞི་ཡག་པོ་ཞིག་བཙུགས་ཐུབ་ཡོད་རེད་ཅེས་སྙན་གསན་ཞུ་རྒྱུ་ཡིན།
༸རྒྱལ་དབང་ཀརྨ་པ་སྐུ་གོང་མ་ཐམས་ཅད་ཀྱི་དགོངས་གཞི་དང་། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་བཅས་ལ་གཞིར་བཞག་ནས་ཀརྨ་པ་རིན་པོ་ཆེ་མཆོག་གིས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་རིས་སུ་མ་ཆད་པར་མཐུན་ལམ་གནང་རྒྱུ་དང་། གལ་ཆེ་བའི་དབང་ལུང་མན་ངག་ཁྲིད་གསུམ་ཞུས་ནས་ཉམས་བཞེས་གནང་རྒྱུ། དམིགས་བསལ་གྱིས་ཆོས་བརྒྱུད་ཕན་ཚུན་མཐུན་ལམ་དང་། བྱེ་བྲག་ཏུ་ཀརྨ་ཀམ་ཚང་གི་བསྟན་པའི་ཐོག་ལ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་དག་ཐེར་མཛད་པ། དགུན་ཆོས་དབུ་ཚུགས་པ་སོགས་བཤད་གྲྭའི་ཐོག་ནས་འཆད་ཉན་གནང་ཕྱོགས་དང་། དེ་བཞིན་ཀརྨ་པ་སྐུ་ཕྲེང་གོང་མའི་རྣམ་ཐར་ལྗགས་འཁྲིད་གནང་བ་སོགས་དམིགས་བསལ་གྱིས་ཉམས་ལེན་གནང་ཕྱོགས། སློབ་དཔོན་དབྱིགས་གཉེན་གྱིས་གསུངས་པ་ལྟར། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དེ་བཤད་སྒྲུབ་གཉིས་ཀྱིས་འཛིན་དགོས་པ་དང་། དེ་འཛིན་སྟངས་ཐོག་ལ་དམིགས་བསལ་གྱིས་དུས་རབས་དང་མཐུན་པའི་ཐོག་ནས་འགྲེལ་བཤད་གནང་རྒྱུ་དང་། དགོངས་པ་བཞེས་ཕྱོགས་དེ་ཚོ་དམིགས་བསལ་གྱིས་རླབས་ཆེན་འདྲ་པོ་ཞིག་ཆགས་བསྡད་ཡོད་རེད། དེ་བཞིན་གོང་དུ་ཞུས་པ་གཞིར་བཟུང་རེད། ༸རྒྱལ་བའི་གསུང་རབ་ཐམས་ཅད་གླེགས་བམ་པུ་ཏིའི་ཚུལ་དུ་ང་ཚོས་མཇལ་རྒྱུ་ཡོད་རེད་དེ། སྟབས་བདེ་པོའི་ཐོག་ལག་ཐོགས་ཁ་པར་དང་། གློག་ཀླད་ནང་ལོགས་ལ་མཇལ་ཐུབ་རྒྱུའི་དམིགས་བསལ་མཉེན་ཆས་དེ་འདྲ་བཟོས་ནས་དེའི་ཐོག་ནས་བསྟན་པ་རིས་སུ་མ་ཆད་པར་ཞབས་འདེགས་ཞུས་པ་དང་། ལྷག་པར་དུ་ཉམས་ཞིབ་གནང་མཁན་དང་། ནང་ཆོས་ལ་ཐུགས་སྣང་གནང་མཁན་དེ་ཚོར་ལས་སླ་པོའི་ཐོག་ནས་ཕྱག་དཔེ་མཇལ་ཐུབ་རྒྱུའི་གོ་སྐབས་བཟང་པོ་ཞིག་བསྐྲུན་ཡོད་རེད། དེ་ཚོའི་གྲས་གལ་ཆེན་པོ་ཞེ་པོ་ཆགས་བསྡད་ཀྱི་ཡོད་རེད། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དེ་དུས་ཇི་སྲིད་བར་དུ་གནས་དགོས་ཀྱི་ཡོད་དུས། དེ་གནས་རྒྱུར་དུས་རབས་དང་མཐུན་པའི་ཐོག་ནས་དགོངས་པ་བཞེས་ནས་དེ་ཚོའི་གྲས་སྟབས་བདེའི་མཐུན་འགྱུར་དེ་འདྲ་བསྐྲུན་པ་དེ་དམིགས་བསལ་གྱི་དགོངས་པ་ཞིག་ཆགས་བསྡད་ཡོད་རེད། དེ་མ་འོངས་པར་ཕན་ཐོགས་ཆེན་པོ་ཡོང་རྒྱུར་ངོས་འཛིན་བྱེད་ཀྱི་ཡོད།
ང་ཚོ་ཐུན་མོང་གི་སྤྱོད་ཡུལ་ཆགས་བསྡད་ཀྱི་ཡོད་པ་ཞིག་སྟེ་ཁོང་གི་དགོངས་གཞི་གཅིག་ནི་ཁོར་ཡུག་ཆགས་ཀྱི་ཡོད་རེད། གང་དུ་ཕེབས་ནའང་དེའི་ཉེ་འཁོར་ཁོར་ཡུག་གི་ཐོག་ལ་དམིགས་བསལ་གྱིས་འགྲེལ་བརྗོད་གནང་ནས་བདག་གཅེས་གནང་དགོས་པ། བོད་ཀྱི་ཁོར་ཡུག་ནི་ཨེ་ཤི་ཡའི་ཆུ་མཛོད་དང་། འཛམ་གླིང་གི་ཡང་རྩེ་ཆགས་བསྡད་པ། འགྲོ་བ་ཐེར་འབུམ་མང་པོའི་སྲོག་གི་འཚོ་རྟེན་ཆགས་བསྡད་དུས། དེ་ཚོའི་ཐོག་ལ་དཔྱད་རྩོམ་དང་། ཁོར་ཡུག་སྲུང་སྐྱོབ་དགོས་པའི་འགྲེལ་བཤད་གནང་བ་བརྒྱུད་ཚང་མས་ཐུགས་སྣང་གནང་ཡུལ་ཞིག་ལ་འགྱུར་རྒྱུའི་དགོངས་གཞི་གལ་ཆེན་པོ་ཞིག་ཆགས་བསྡད་ཀྱི་ཡོད་རེད། དེ་བཞིན་རིན་པོ་ཆེ་མཆོག་གི་དགོངས་གཞི་ལྟར། ཀམ་ཚང་དགོན་སྡེ་ཁག་གིས་ལ་དྭགས་མཚོན་པའི་ས་གནས་འདྲ་མིན་ནང་ཤིང་སྣ་འདེབས་འཛུགས་ཀྱིས་དམིགས་བསལ་ཁོར་ཡུག་ཐོག་ལ་ཐུགས་སྣང་གནང་བ་དེས་ང་ཚོའི་སྤྱི་ཚོགས་ནང་དོ་སྣང་གསར་པ་འདྲ་པོ་ཞིག་བྱུང་བསྡད་པ་དེ་ཁོང་གི་མཛད་འཕྲིན་གཅིག་ཆགས་བསྡད་ཀྱི་ཡོད་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་ང་ཚོ་བོད་ཆོལ་ཁ་གསུམ་སྐྱིད་ན་མཉམ་སྐྱིད་དང་། སྡུག་ན་མཉམ་སྡུག་ཡིན་པའི་སྐོར་བཀའ་སློབ་ཕེབས་ཀྱི་ཡོད་པ་ལྟར། ༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་བོད་མི་རིགས་མཐུན་སྒྲིལ་གནང་རྒྱུ་གལ་ཆེན་པོ་ཡིན་པར་ངོས་འཛིན་གནང་གི་ཡོད་པ་མ་ཟད། ཆོལ་ཁ་ཞེས་པའི་ཐ་སྙད་མིང་འདོན་བྱེད་ནའང་འཚེར་སྣང་ཡོང་གི་ཡོད་པའི་སྐོར་གསུངས་ཀྱི་ཡོད་རེད། གང་ལྟར་དབུས་གཙང་ཡིན་ནའང་འདྲ། ཁམས་པ་ཡིན་ནའང་འདྲ། ཨ་མདོ་ཡིན་ནའང་འདྲ། ང་ཚོ་ཚང་མ་བོད་པ་ཆགས་བསྡད་ཀྱི་ཡོད་རེད། ད་ལྟ་༸གོང་ས་མཆོག་གིས་རླབས་ཆེན་གྱི་དགོངས་གཞིའི་འོག བོད་མི་ཚང་མ་དམ་ཚིག་འོ་ཆུ་གཅིག་འདྲེས་བྱུང་ཡོད་རེད། དེ་མུ་མཐུད་གནས་ཐུབ་རྒྱུར་དམིགས་བསལ་གྱི་དགོངས་པ་བཞེས་དགོས་ཀྱི་འདུག མི་གཅིག་གཉིས་ཀྱིས་གཏོར་བཤིག་གཏོང་རྒྱུ་ལས་སླ་པོ་རེད་དེ། མཐུན་སྒྲིལ་བཟོ་རྒྱུ་ཁག་པོ་ཡིན་པའི་སྐོར་ལ་དུས་རྒྱུན་དུ་བཀའ་སློབ་ཕེབས་བསྡད་ཀྱི་ཡོད་རེད། དེ་ནང་བཞིན་ཀརྨ་པ་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་ཞུས་པའི་ཐོག་དམིགས་བསལ་གསོལ་འདེབས་ཞུ་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། དེ་དང་མཉམ་དུ་ཁོང་གི་དགོངས་གཞི་དང་། བཀའ་སློབ་ཁག་ལ་ཐུགས་སྣང་གནང་ནས་ང་ཚོའི་ངོས་ནས་ཞབས་ཏོག་ཞུ་ཐུབ་པ་གང་ཡོད་པའི་ཐོག་དགོངས་པ་བཞེས་ན་ཏན་ཏན་གྱིས་ཐུགས་ཕན་གསོས་ཀྱི་རེད་བསམས་ཀྱི་འདུག
དེ་བཞིན་བོད་ཀྱི་སྐད་ཡིག་གལ་ཆེ་ཡིན་པའི་ཐོག་ལ་དམིགས་བསལ་གྱིས་འགྲེལ་བཤད་གནང་གི་ཡོད་རེད། སྐད་ཡིག་གནས་མ་ཐུབ་པ་ཡིན་ན་མི་རིགས་གནས་རྒྱུར་ཁག་པོ་ཆགས་ཀྱི་འདུག དཔེར་ན་ཕྲུ་གུས་ཤོག་བྱ་ནམ་མཁར་བཏང་ཡོང་དུས། ཤོག་བྱ་འཛིན་མཁན་གྱི་སྐུད་པ་དེ་ཆད་སོང་བ་ཡིན་ན་ཤོག་བྱ་བརླག་འགྲོ་ཡི་ཡོད་པ་ལྟར། མི་རིགས་གནས་རྒྱུར་སྐད་ཡིག་གལ་ཆེ་ཤོས་ཤིག་ཆགས་ཀྱི་འདུག རྒྱ་གར་ནང་དེ་ཙམ་དཀའ་ངལ་མེད་ནའང་། ཕྱི་རྒྱལ་ཁག་གི་ནང་དམིགས་བསལ་གྱི་ཕ་མ་དང་། གཟའ་མཇུག་སློབ་གྲྭའི་ཐོག་ནས་མུ་མཐུད་ཤུགས་རྒྱག་དགོས་པའི་སྐོར་བཀའ་སློབ་ཕེབས་པ་སོགས་༸རྒྱལ་དབང་ཀརྨ་པའི་དགོངས་གཞི་ང་ཚོ་ཐུན་མོང་གི་ཐོག་ནས་མཇལ་བསྡད་པ་དེ་ཚོ་ཆགས་བསྡད་ཡོད་རེད། དེ་ཚོའི་ཐོག་ལ་དམིགས་བསལ་གྱིས་ཞབས་ཏོག་ཞུ་རྒྱུ་གང་ཡོད་པའི་ཐོག་ཐུགས་སྣང་གནང་དགོས་པ་གལ་ཆེན་པོ་ཆགས་བསྡད་ཡོད་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ཐུགས་ཉེ་ས་ཞིག་ལ་བརྩིས་ནས་དགོངས་གཞི་ཆེན་པོ་གཏད་ས་ཤིག་རེད། བོད་གཞིས་བྱེས་གཉིས་ཀྱི་ཐོག་ནས་ཀརྨ་རིན་པོ་ཆེ་མཆོག་བོད་ཀྱི་བླ་ཆེན་གཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་རེད། ལྷག་པར་དུ་ཁོང་གིས་བོད་ནང་གི་གནས་སྟངས་མང་པོ་ཞིག་བློས་བཏང་ནས་བཙན་བྱོལ་ལ་ཕེབས་པ་དེས། བོད་བསྟན་སྲིད་སྤྱི་ལ་དགོངས་གཞི་དང་། དགོས་པ་གལ་ཆེན་པོ་ཆགས་བསྡད་ཡོད་རེད། བོད་མི་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ནས་ཀརྨ་པ་རིན་པོ་ཆེ་མཆོག་གི་དགོངས་གཞི་དང་དམིགས་བསལ་གྱིས་འབྲེལ་བ་ཆགས་བསྡད་དུས། ཀརྨ་པ་རིན་པོ་ཆེ་མཆོག་གི་དགོངས་གཞི་འགྲུབ་ཐུབ་དགོས་པ། ཀརྨ་པ་རིན་པོ་ཆེ་སྐུ་ཚེ་ཡུན་རིང་པོར་བཞུགས་ཐུབ་རྒྱུར་ཞབས་བརྟན་གསོལ་འདེབས་དང་། སྲོག་བླུ་ཚེ་ཐར་གཏོང་རྒྱུ། ཁོང་གི་དགོངས་གཞི་འགྲུབ་རྒྱུར་དམིགས་བསལ་གྱིས་ཕྱག་ལས་གནང་རྒྱུ་གང་ཡོད་པའི་ཐོག་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན།
རྩ་བའི་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༧ ཙམ་ནས་ཕྱི་རྒྱལ་ལ་ཕེབས་ནས་ཚུར་རྒྱ་གར་ལ་ཆིབས་བསྒྱུར་མ་གནང་བར་ལོ་བརྒྱད་ཙམ་འགྲོ་ཡི་ཡོད་པ་རེད། དུས་ཚོད་དེའི་རིང་རྒྱ་གར་ལ་སྡོད་མཁན་བོད་མི་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་བརྒྱུད་འཛིན་མཁན་མང་པོ་ཞིག་གིས་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་ཞལ་མཇལ་གསུང་ཐོས་ཤིག་ཡོང་ན་བསམས་ནས་བྱ་ཁུ་བྱུག་གིས་གནམ་ཆུ་སྒུག་པ་ལྟར་བསྒུགས་ནས་སྡོད་ཀྱི་ཡོད་རེད། ༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ཡིན་ནའང་ཚུར་རྒྱ་གར་ལ་ཆིབས་བསྒྱུར་གནང་འདོད་ཡོད་པའི་དགོངས་པ་ཡོད་པ་གསལ་པོ་རེད། ཡིན་ནའང་ང་ཚོ་བོད་མིའི་སྒྲིག་འཛུགས་རེད། རྒྱ་གར་གཞུང་གི་ཐོག་ནས་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་དགོངས་པ་བཞེས་ཕྱོགས་ལ་ཐུགས་སྣང་གནང་གི་ཡོད་རེད། མི་རིང་བར་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་གར་ལ་ཆིབས་བསྒྱུར་གནང་ནས་བསྟན་དང་འགྲོ་བའི་མཛད་པ་མུ་མཐུད་སྐྱོང་ཐུབ་རྒྱུར་རེ་བ་དང་སྨོན་ལམ་ཞུ་རྒྱུ་ཡིན།
དེ་རིང་ནང་ཆེན་རིག་གཞུང་ཚོགས་པའི་ཐོག་ནས་དམིགས་བསལ་གྱིས་ཀརྨ་པ་རིན་པོ་ཆེ་དང་འབྲེལ་བའི་ཐོག་ནས་འཁྲུངས་སྐར་སྲུང་བརྩི་ཞུ་ཡི་ཡོད་པ་རེད། ཀརྨ་པ་སྐུ་ཕྲེང་རིམ་པ་བྱོན་པའི་ནང་ནས་སྐུ་ཕྲེང་བཅུ་གཉིས་པ་ཀརྨ་པ་བྱང་ཆུབ་རྡོ་རྗེ་མཆོག་སྡེ་དགེ་དབོན་པོ་སྟོད་ལ་སྐུ་འཁྲུངས་པ་དང་། ནང་ཆེན་རྒྱལ་པོས་གདན་འདྲེན་ཞུས་ནས་དམིགས་བསལ་གྱིས་བཀུར་བཟོ་ཆེན་པོ་ཞུས་འདུག རྣམ་ཐར་ཞིབ་ཕྲ་བལྟས་པ་ཡིན་ན་སྐུ་ཕྲེང་ཚང་མ་དང་འབྲེལ་བ་ཆགས་བསྡད་ཀྱི་རེད། རྣམ་པ་ཚོས་འཁྲུངས་སྐར་གོ་སྒྲིག་གནང་བ་དང་། དེའི་ཐོག་བཅར་རྒྱུ་བྱུང་བ་དེ་བསྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། མུ་མཐུད་སེམས་ཤུགས་མ་ཆག་པའི་ཐོག་ནས་ཚང་མས་བོད་བསྟན་སྲིད་ཀྱི་ཆེད་དུ་ཕྱག་ལས་གནང་ཐུབ་དགོས་པ་གལ་ཆེན་པོ་རེད། མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ༸དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་དབུས་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། རླབས་ཆེན་ཐུགས་ཀྱི་དགོངས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་ཞེས་གསུངས་གནང་སོང་།
གཞན་ཡང་མཛད་སྒོའི་ཐོག་ནང་ཆེན་ས་འཐུས་ཚོགས་གཙོ་སློབ་དཔོན་ཚེ་དབང་སྐལ་བཟང་མཆོག་ནས་༸དཔལ་༸རྒྱལ་དབང་ཀརྨ་པའི་མཛད་རྣམ་སྙིང་བསྡུས་ངོ་སྤྲོད་དང་། ནང་ཆེན་རིག་གཞུང་ཚོགས་པའི་ཚོགས་གཙོ་མཁས་གྲུབ་རྒྱ་མཚོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ། དེ་བཞིན་དཔལ་ལྡན་ཚོགས་གཙོ་མཆོག་བརྒྱུད་ནས་སཾམ་བྷོ་ཊའི་སློབ་གྲྭའི་སློབ་ཕྲུག་བཅོ་ལྔ་ལ་ལེགས་སོའི་ཕྱག་རྟགས་གནང་བ་དང་། མདོ་ཁམས་བཟོ་ལས་ཚོགས་པའི་ཚོགས་གཙོ་བྱ་རྒོད་ཚང་སྲས་འཆི་མེད་རྡོ་རྗེ་མཆོག་བརྒྱུད་ནས་ཡུལ་མིའི་སློབ་ཕྲུག་གྲངས་བཅོ་ལྔ་ལ་ལེགས་སོའི་ཕྱག་རྟགས་གནང་བ། ༸དཔལ་རྒྱལ་བ་མདོ་ཁམས་པའི་དྲུང་ཡིག་ཡེ་ཤེས་ཆོས་རྒྱལ་ལགས་བརྒྱུད་ནས་ནང་ཆེན་དང་། སྡེ་དགེ་གཞིས་གྲོང་གཉིས་ཀྱི་མི་རབས་རྒན་པ་ལྔ་རེ་ལ་ལེགས་སོའི་ཕྱག་རྟགས་གནང་སོང་། གཞན་ཡང་སྐབས་དེའི་མཛད་སྒོའི་ཐོག་ནང་ཆེན་རིག་གཞུང་ཚོགས་པའི་ཐོག་ནས་རིག་གཞུང་འཁྲབ་སྟོན་ཞུས་གནང་སོང་བ་བཅས།