དགེ་འདུན་པའི་ཆེད་དུ་ཚན་རིག་ཚོགས་པའི་ཚོགས་གཙོ་དང་སྦྱིན་བདག་སྐུ་ཞབས་སྦོ་སྦི་སེ་སྒར་ལགས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། །དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གདན་ཞུས་ལྟར། ཕྱི་ལོ་ ༢༠༢༥ ཟླ་ ༤ པའི་ཚེས་ ༡༦ ཉིན་ཕྱི་དྲོ་ཆུ་ཚོད་ ༥།༠༠ པའི་ཐོག་དགེ་འདུན་པའི་ཆེད་དུ་ཚན་རིག་ཚོགས་པའི་ཚོགས་གཙོ་དང་སྦྱིན་བདག་སྐུ་ཞབས་སྦོ་སྦི་སེ་སྒར་ (Bobby Sager) ལགས་དང་། ཁོང་གི་ནང་མི་ལྷན་རྒྱས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ་དང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་མཇལ་འཕྲད་གནང་སོང་།

མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་དགེ་འདུན་པའི་ཆེད་དུ་ཚན་རིག་ཚོགས་པའི་ཚོགས་གཙོ་དང་སྦྱིན་བདག་སྐུ་ཞབས་སྦོ་སྦི་སེ་སྒར་ལགས་དང་། ཁོང་གི་སྐུ་ཟླ་ནང་མི་ལྷན་རྒྱས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དགའ་བསུའི་འཚམས་འདྲི་དང་སྦྲགས་གསུངས་དོན། བོད་པའི་སྤྱི་ཚོགས་ནང་འདས་པའི་ལོ་ངོ་ ༢༥ རིང་དགེ་འདུན་པའི་ཆེད་དུ་ཚན་རིག་གི་ལས་འཆར་ལག་བསྟར་བྱས་པའི་ཐོག་ནས་དགེ་འདུན་པ་རྣམས་ལ་ཚན་རིག་ཐོག་ལ་གོ་རྟོགས་དང་ཕན་ཐོགས་ཆེན་པོ་བྱུང་བསྡད་འདུག མ་འོངས་པར་ནང་ཆོས་དང་། ཚན་རིག་གི་ལས་འཆར་དེ་བཞིན་མུ་མཐུད་ཡར་རྒྱས་ཡོང་བའི་རེ་བ་བྱེད་ཀྱི་ཡོད།  དེ་ཡང་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་རེད། རྩ་བའི་དེང་དུས་ཚན་རིག་གིས་ཕྱིའི་དངོས་པོའི་ཐོག་ནས་འགྲོ་བ་མི་ལ་ཁ་ཡོད་ལག་ཡོད་ཕན་ཐོགས་ཐུབ་པའི་གནས་བབ་ཅིག་ཆགས་བསྡད་ཡོད་པ་དང་། ནང་ཆོས་དེ་གཙོ་བོ་སེམས་ཀྱི་ཐོག་བསམ་བློ་བཅོས་བསྒྱུར་བྱ་རྒྱུ་དང་། བློ་སྦྱོང་རིམ་པ་བྱ་རྒྱུ། དེ་གཉིས་མཉམ་དུ་ཟུང་འབྲེལ་བྱེད་ཡོང་དུས། འགྲོ་བ་སྤྱི་ལ་ཞི་བདེ་དང་། ཡར་རྒྱས་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་གསལ་པོ་རེད་འདུག

ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པ་དང་། ད་བར་བཙན་བྱོལ་ལ་བསྡད་ནས་ལོ་ངོ་ ༦༦ འགྲོ་ཡི་ཡོད་ཅིང་། དུས་ཚོད་དེའི་རིང་རྒྱ་གར་གཞུང་མང་དང་། ཨ་རིའི་གཞུང་དང་མི་མང་། ཡུ་རོབ། ཨེ་ཤི་ཡའི་ཡུལ་ལུང་མང་པོ་ཞིག་གིས་བོད་ཀྱི་ཆབ་སྲིད་དང་། ཆོས་དང་རིག་གཞུང་སྲུང་སྐྱོབ་ཐོག་ལ་དམིགས་བསལ་གྱིས་མཐུན་འགྱུར་གནང་བར་བརྟེན་ནས་བོད་མི་ཚོས་སོ་སོའི་སྐད་ཡིག་དང་། ཆོས། རིག་གཞུང་ད་བར་མི་ཉམས་གོང་སྤེལ་དང་། ཉམས་པ་སོར་ཆུད་བྱེད་ཐུབ་པའི་གནས་བབ་ཅིག་ཆགས་བསྡད་ཡོད་རེད། སྐུ་ཞབས་སྦོ་སྦི་སེ་སྒར་ལགས་ཀྱིས་ལོ་ངོ་ ༢༥ རིང་དགེ་འདུན་པའི་ཆེད་དུ་ཚན་རིག་གི་ལས་འཆར་མཐུན་འགྱུར་གནང་བ་དེ་ཡང་དེའི་ནང་ཚུད་བསྡད་ཀྱི་ཡོད་པ་མ་ཟད། ལས་འཆར་དེས་ང་ཚོར་ཕན་ཐོགས་ཆེན་པོ་བྱུང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་སོང་།

དཔལ་ལྡན་ཚོགས་གཞོན་མཆོག་གིས་མང་གཙོའི་འཕེལ་རིམ་སྐོར་ལ་གསུངས་དོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རྗེས། བོད་ནང་སྔོན་མའི་ཆབ་སྲིད་ཀྱི་ལམ་ལུགས་ལ་འགྱུར་བ་གཏོང་རྒྱུར་ལེགས་བཅོས་ཚོགས་ཆུང་བཙུགས་པ་སོགས་མང་གཙོའི་ལམ་ལུགས་ཐོག་ལ་བསྐྱོད་རྒྱུའི་འབད་བརྩོན་རིམ་པ་གནང་ཡང་། རྒྱ་ནག་དམར་གཞུང་གི་འགོག་རྐྱེན་ལ་བརྟེན་ནས་དགོངས་དོན་ཇི་བཞིན་གནང་ཐུབ་མེད་པ་དང་། རྒྱ་གར་དུ་བཙན་བྱོལ་ལ་ཞབས་སོར་འཁོད་རྗེས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར། ཕྱི་ལོ་ ༡༩༦༠ ཟླ་ ༩ པའི་ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་སྐབས་དང་པོས་དམ་འབུལ་ཞུས་ཏེ་བོད་མིའི་མང་གཙོ་དབུ་བརྙེས་པ་དང་། རིམ་པས་སྐབས་དུས་སོ་སོར་འགྱུར་བ་ཇི་བྱུང་། ད་ལྟའི་ཆར་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས། འཛིན་སྐྱོང་བཀའ་ཤག་བཅས་མང་གཙོའི་མང་གཙོའི་ཀ་བ་གསུམ་དང་། འོས་བསྡུ་ལྷན་ཁང་དང་། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་། ལས་བྱེད་འདེམས་བསྐོ་ལྷན་ཁང་བཅས་རང་དབང་ཅན་གྱི་སྡེ་ཚན་གསུམ་ཡོད་པ་བཅས་མང་གཙོ་ཚད་ལྡན་ཐོག་བསྐྱོད་བཞིན་ཡོད་པའི་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་སོགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་ངོ་སྤྲོད་སྙིང་བསྡུས་དང་།

བོད་ནང་རྒྱ་ནག་དམར་གཞུང་གིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པའི་སྐོར་དང་། བོད་ཀྱི་འཐབ་རྩོད་ནི་དྲང་བདེན་གྱི་འཐབ་རྩོད་ཅིག་ཡིན་པ། ཕྱིའི་གལ་ཆེའི་སྐུ་མགྲོན་རྣམ་པ་བོད་མི་མང་སྤྱི་འཐུས་ལྷན་ཁང་ལ་ཕེབས་པ་འདིས་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་བོད་མི་གཅིག་པུ་མིན་པར་རྒྱབ་སྐྱོར་གནང་མཁན་ཡོད་པའི་བརྡ་ལན་ཤུགས་ཆེན་ཞིག་རྒྱ་ནག་དམར་གཞུང་ལ་སྤྲོད་ཀྱི་ཡོད་པའི་སྐོར་སོགས་ཀྱི་ཐོག་གསུངས་པ་དང་།

སྐུ་ཞབས་སྦོ་སྦེ་སེ་སྒར་ལགས་ཀྱིས་ཁོང་ཉིད་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་མགྲོན་འབོད་ལྟར་བཅར་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་སྐོར་དང་། དགེ་འདུན་པའི་ཆེད་དུ་ཚན་རིག་གི་ལས་འཆར་སྐོར་སོགས་ངོ་སྤྲོད་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་སོང་བ་བཅས།