༄༅། །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལྟར། བོད་ཀྱི་དཔེ་མཛོད་ཁང་ནས་བོད་ཀྱི་དགེ་འདུན་པ་དང་། བཙུན་མ་རྣམ་པར་དམིགས་པའི་ཚན་རིག་གི་ལས་གཞི་འགོ་བཙུགས་ནས་ལོ་ངོ་ ༢༥ འཁོར་བའི་དུས་དྲན་དབུ་འབྱེད་མཛད་སྒོ་ཞིག་དེ་རིང་ཕྱི་ལོ་ ༢༠༢༥ ཟླ་ ༤ པའི་ཚེས་ ༡༥ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚོགས་ཤིང་། སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བཀའ་བློན་ཁྲི་ཟུར་༧སྐྱབས་རྗེ་སློབ་དཔོན་ཟམ་མདོང་རིན་པོ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག གཞན་སྐུ་མགྲོན་དུ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས། འབྲེལ་ཡོད་དགོན་སྡེ་ཁག་གི་མཁན་པོ་ལས་ཟུར་རྣམ་པ། དཔལ་ལྡན་དགའ་ལྡན་ཕོ་བྲང་དང་། བོད་མིའི་སྒྲིག་འཛུགས་ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ། དགེ་འདུན་པའི་ཆེད་དུ་ཚན་རིག་ཚོགས་པའི་ཚོགས་གཙོ་དང་སྦྱིན་བདག་སྐུ་ཞབས་སྦོ་སྦི་སེ་སྒར་ (Bobby Sager) མཆོག ཕྱི་རྒྱལ་ནས་ཕེབས་པའི་ཚན་རིག་སློབ་དཔོན་རྣམ་པ། དགེ་འདུན་པ་དང་བཙུན་མ་རྣམ་པ། དཔེ་མཛོད་ཁང་གི་ལས་བྱེད་དང་སློབ་གཉེར་བ་སོགས་ཕེབས་གནང་འདུག
སྐབས་དེར་དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཙོ་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་བོད་ཀྱི་དཔེ་མཛོད་ཁང་གི་ལས་འཆར་གལ་ཆེ་བ་ཞིག་སྟེ། དགེ་འདུན་པའི་ཆེད་དུ་ཚན་རིག་ལས་གཞི་དེ་བཞིན་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད། དེའི་ཐོག་ལ་སྐད་བཏང་བ་བཞིན་བཅར་ཐུབ་པར་བསྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། དེ་ཡང་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་ཆ་ཤས་ཤིག་ཆགས་བསྡད་པའི་ཐོག བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་རིམ་པ་དང་། འགན་ཁུར་མཁན་ལས་བྱེད་རིམ་པ། དེའི་ནང་འཛུལ་ཞུགས་གནང་མཁན་དགེ་འདུན་པ་བཅས་འབྲེལ་ཡོད་ཚང་མས་ཕྱག་ལས་གནང་བའི་གྲུབ་འབྲས་གང་ལ་གང་འཚམས་ང་ཚོའི་མིག་གིས་མཐོང་རྒྱུ་ཡོད་པ་ཆགས་བསྡད་དུས། འདིར་བཅར་རྒྱུ་བྱུང་བར་དམིགས་བསལ་གྱི་བསྐལ་པ་བཟང་པོ་ཞིག་བྱུང་སོང་།
རྩ་བའི་ང་རང་ཤེས་ཡོན་གྱི་ཆ་ནས་རེད། དུས་རྒྱུན་དུ་ནས་ཕན་ཚུན་དོ་སྣང་བྱ་སའི་གནས་སྟངས་ཐོག་ནས་རྣམ་པ་ཚོར་ཐུགས་ཕན་གསོ་རྒྱུའི་སྐད་ཆ་ཞེ་པོ་ཞིག་ཤོད་རྒྱུ་ཡོད་མ་རེད། འོན་ཀྱང་རྒྱལ་སྲས་ཞི་བ་ལྷས་གསུངས་པ་ལྟར་རེད། གང་དྲན་གསོས་པ་དེའི་ཐོག་ནས་ཚིག་ཁ་ཤས་ཤིག་ཞུས་ན་བསམ་སོང་། གཞི་རྩའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཙམ་མ་ཡིན་པར་འཛམ་གླིང་འདིར་གནས་པའི་འགྲོ་བ་མིའི་སྤྱི་ཚོགས་ཡོངས་ལ་ཕན་ཐོགས་ཐུབ་རྒྱུའི་དགོངས་གཞི་རྣམས་ཧ་ཅང་གི་རླབས་ཆེན་པོ་རྐྱང་རེད། དེའི་ནང་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་དང་། ཚན་རིག་དབར་བགྲོ་གླེང་འཚོགས་རྒྱུ་རེད། ང་ཚོའི་སྤྱི་ཚོགས་ནང་ཚན་རིག་གི་སློབ་སྦྱོང་བྱ་རྒྱུའི་སྲོལ་གཏོད་པ། དེ་ཚོའི་གྲས་གཙོ་བོ་དུས་རྒྱུན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་སྡོད་ཀྱི་རེད། རྣམ་པ་ཚོ་མང་བས་མཁྱེན་གྱི་ཡོད་རེད། གཅིག་ནས་ཤེས་ཡོན་གྱི་ཐོག་ལ། ཕན་ཚུན་ཞིབ་འཇུག་གི་ཤེས་ཡོན་སྡེ་ཚན་གོང་འཕེལ་དང་། གཉིས་ནས་རྫས་སྦྱོར་རིག་པ་དེ་ཚོ་ཚན་རིག་ཐོག་ནས་ཤུགས་ཆེན་པོ་ཡོང་གི་ཡོད་པ་དང་། ནང་ཆོས་ཐོག་ནས་སེམས་ཀྱི་བླང་དོར་དེ་ཚོ་ཞིབ་ཅིང་ཕྲ་བ་གསུངས་ཡོད་དུས། དེ་གཉིས་ཟུང་སྦྲེལ་གནང་བའི་ཐོག་ནས་འཛམ་གླིང་སྤྱི་ལ་ཞི་བདེའི་དམིགས་བསལ་ལམ་སྟོན་གསར་པ་གནང་ཐུབ་རྒྱུ། གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དེ་འདྲ་པོ་ཞིག་ཆགས་བསྡད་ཀྱི་ཡོད་དུས། གོང་དུ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསུངས་པ་བཞིན་རེད། ང་ཚོའི་ངོས་ནས་ལག་ལེན་བསྟར་ཐུབ་རྒྱུའི་ཐབས་ལམ་ག་རེ་འདུག བོད་པའི་སྤྱི་ཚོགས་ཙམ་མ་ཡིན་པར་སྤྱི་ཚོགས་གཞན་དང་འབྲེལ་བ་གནང་ནས་བོད་ཀྱི་གནའ་བོའི་རིག་གཞུང་དེ་ཚོའི་ཐོག་ལ་ཚན་རིག་པས་མཚོན་པའི་སྤྱི་ཚོགས་གཞན་ནས་དོ་སྣང་སླེབས་ཐུབ་རྒྱུར་གནང་རྒྱུ་ག་རེ་འདུག དེང་སང་རིག་གསར་མང་པོ་ཞིག་ཐོན་ཡོང་དུས། ང་རང་ཚོའི་གནའ་བོའི་རིག་གཞུང་གཅིག་པུར་ཆོག་ཤེས་མ་ཡིན་པར། གཞན་གྱི་རིག་གསར་གྱི་ཐོག་ནས་ང་ཚོའི་སྤྱི་ཚོགས་ལ་ཕན་ཐོགས་ཐུབ་ཐབས་དང་། དེ་ཚོ་གོང་འཕེལ་ཡོང་རྒྱུར་ཐབས་ལམ་ག་རེ་འདུག ང་ཚོ་མར་བབ་ནས་དེ་ཚོའི་ཐོག་དགོངས་པ་བཞེས་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་གཅིག་ཆགས་འདུག
དེ་བཞིན་གཙོ་བོ་ང་ཚོ་ནང་ཆོས་ཉམས་ལེན་བྱེད་མཁན་ཞིག་ཡིན་པའི་ཆ་ནས། དེའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་རིམ་པ་ཕེབས་ཡོད་རེད། ཆོས་ལུགས་ཀྱི་ཐོག་ནས་ཚན་རིག་ལ་འབྲེལ་བ་བྱས་པ་ཡིན་ན། ཚན་རིག་གིས་ཆོས་ལུགས་དེ་ལ་ཤུགས་རྐྱེན་ཡོང་གི་ཡོད་པ། ཤུགས་རྐྱེན་དེ་ཡང་ཆོས་ལུགས་ཀྱི་ལྟ་གྲུབ་སོགས་ལ་དམིགས་བསལ་གྱི་མཐོང་ཚུལ་དང་། བློ་མི་བདེ་བ་དེ་འདྲ་ཡོང་གི་ཡོད་པའི་བཀའ་མོལ་དེ་འདྲ་ཡོང་བསྡད་ཀྱི་ཡོད་རེད། ཡིན་ནའང་། བདག་ཅག་གི་སྟོན་པས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་གསུངས་པ་ལྟར། ནང་ཆོས་དེ་བཞིན་སྟོན་པའི་གསུང་རེད་ཅེས་མ་ཡིན་པར། དེ་ལ་རྒྱུ་མཚན་འཚོལ་ཞིབ་བྱས་ནས་རྒྱུ་མཚན་འདུག་བསམ་བསམ་གྱི་བློ་ངོར་ངེས་ཤེས་ཤིག་སླེབས་པ་ཡིན་ན་དེའི་ཐོག་ནས་ནང་ཆོས་ལ་དད་འདུན་ལྷག་པར་སྐྱེ་ཐུབ་པ། བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྱིས་ལམ་སྲོལ་དེ་གཏོད་ཟིན་པ་དང་། དེང་སང་ཚན་རིག་དངོས་ཁམས་རིག་པ་དང་། རིག་གསར་གང་ཐོན་པ་ཡིན་ནའང་། ཐོག་མར་ཞིབ་འཇུག་བྱས་ནས། དེའི་གྲུབ་ཐོན་གང་ཐོན་པའི་ཐོག་ནས་སྤྱི་ཚོགས་ནང་ལག་ལེན་བསྟར་ཐུབ་པ་ཞིག་ཡོང་གི་འདུག ནང་ཆོས་དེ་ཡང་བདག་ཅག་གི་སྟོན་པ་བྱོན་ནས་ལོ་ངོ་ ༢༥༠༠ ལྷག་ཙམ་འགྲོ་ཡི་ཡོད་རེད་དེ། ད་དུང་ཡང་འགྲོ་བ་མིའི་རིགས་ལ་ཕན་ཐོགས་ཐུབ་པ་དང་། དམིགས་བསལ་གྱིས་དོ་སྣང་བྱ་ས་ཞིག་ཆགས་བསྡད་ཀྱི་འདུག དེ་ཡིན་དུས་སྟོན་པ་དེ་ཉིད་ཀྱི་གསུངས་པའི་རྒྱུ་མཚན་དུ་བྱས་ནས་ང་ཚོ་དེའི་རྗེས་སུ་འཇུག་བཞག་དུས། ང་རང་ཚོ་རྗེས་འཇུག་གི་ཐོག་ནས་བློ་གྲོས་དང་། རྣམ་དཔྱོད་ཀྱི་མ་འདང་བ་ལས། གཞུང་ལུགས་ཀྱི་ཐོག་ནས་སྐྱོན་གང་ཡང་མེད་པ་རང་བཞིན་གྱི་རྟོགས་ཐུབ་ཀྱི་འདུག ང་རང་ཚོ་ནང་ཆོས་ཉམས་ལེན་བྱེད་མཁན་ཡིན་ནའང་འདྲ། དེའི་ཐོག་ལ་དོ་སྣང་བྱེད་མཁན་ཚོས་སོ་སོའི་རྣམ་དཔྱོད་དང་། རིག་པས་མ་འདང་བ་ཡིན་ན། སོ་སོ་བློ་གྲོས་དམན་པ་ཞིག་ཡིན་པར་ངོས་འཛིན་བྱ་རྒྱུ་མ་གཏོགས་པས། གཞུང་ལུགས་ཐོག་ལ་སྐྱོན་མེད་པ་འདྲ་པོ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་སེམས་དང་སྲོག་གི་བགྲོ་གླེང་ཐེངས་སུམ་བཅུ་ལྷག་ཙམ་གནང་ཡོད་རེད། བགྲོ་གླེང་ཇི་ཙམ་གནང་བ་དེ་ཙམ་གྱིས་ནང་ཆོས་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་དེ་ཚོར་དམིགས་བསལ་འདུག་ཅེས་བརྗོད་ནས་ཆེ་མཐོང་དང་། ནང་ཆོས་ཐོག་དོ་སྣང་ཞིག་ཡོང་བསྡད་ཀྱི་འདུག དེ་ཡིན་དུས། ལོ་ངོ་ ༢༥༠༠ ལྷག་གི་རིག་གཞུང་དེ་བཞིན་མི་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་བོད་པ་རང་གིས་བྱས་ནས་དེང་སང་འགྲོ་བ་སྤྱི་ལ་ཕན་ཐོགས་ཐུབ་པ་དང་། འཛམ་གླིང་ནང་དོ་སྣང་དམིགས་བསལ་ཞིག་སླེབས་བསྡད་པ་ཆགས་ཀྱི་ཡོད་པ་རེད། དེ་ཡང་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཡིན་དུས། དེ་རིང་ང་ཚོས་དམིགས་བསལ་དུས་དྲན་འདིའི་ཐོག་ནས་མགོན་པོ་གང་ཉིད་ཀྱི་བཀའ་དྲིན་དྲན་དགོས་པ་དེ་གཅིག་ཆགས་བསྡད་ཀྱི་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་བ་ཙམ་མ་ཡིན་པར། དངོས་སུ་ལག་ལེན་བསྟར་ནས་ནང་ཆོས་ལ་སྡེ་ཚན་འདྲ་པོ། སྤྱིར་བཏང་གི་ནང་ཆོས་དང་། ནང་ཆོས་ཀྱི་ཚན་རིག ནང་ཆོས་ཀྱི་ལྟ་གྲུབ་བཅས་གསུམ་ལ་ཕྱེ་ནས་དེབ་དེ་ཚོ་མར་ཐོན་ཏེ་སྐད་ཡིག་མང་པོ་ཞིག་གི་ཐོག་བསྒྱུར་ཡོད་པ་རེད། དེ་ཚོ་ང་ཚོས་དོ་སྣང་གནང་ས་འདྲ་པོ་ཆགས་བསྡད་ཡོད། རྩ་བའི་བཀའ་འགྱུར་བསྟན་འགྱུར་ཞེས་པོད་སུམ་བརྒྱ་ལྷག་ཙམ་ཡོད་པ་དེ་ཚོར་དུས་ཚོད་ཀྱིས་ལྟ་ཀློག་མ་ཐུབ་པ་ཡིན་ནའང་། པོད་གཉིས་གསུམ་ཙམ་གྱི་ནང་བདག་ཅག་གི་སྟོན་པའི་གསུང་དེ་ཚོ་རྟོགས་ཐུབ་རྒྱུའི་ལམ་ཁ་ཆ་ཚང་ཡོད་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། དེའི་རྗེས་སུ་ཕྱག་ལས་གནང་མཁན་རྣམ་པ་ཚོས་སྐུ་ངལ་བསྐྱོན་ནས་གྲུབ་འབྲས་དེ་ཡང་མིག་མཐོང་ལག་ཟིན་ཆགས་ཐུབ་པ་དེ་ང་ཚོས་དགའ་བ་སྒོམ་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཀྱི་འདུག ང་ཚོས་ཉམས་ལེན་ཐོག་ནས་ཤོད་དུས། བདག་ཅག་གི་སྟོན་པའི་གསུང་། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་དཀྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་དུ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར།། དེའི་ཐོག་ལ་གོ་རྒྱུ་ཆེན་པོ་ཞིག་ཡོང་བསྡད་ཀྱི་འདུག སྐྱོན་བརྗོད་ལྟ་བུ་མིན་ཡང་ཆོས་ལུགས་གཞན་གྱི་ནང་ལོགས་སྡིག་པ་སྤང་རྒྱུ་དང་། རྟོགས་པ་སྤོ་རྒྱུ་སོགས་དཀའ་ཐུབ་རང་གི་ཐོག་ནས་ཡོང་བསྡད་ཀྱི་འདུག དཀའ་ཐུབ་ཤུགས་ཆེན་པོ་བྱས་པ་ཡིན་ན། དེའི་ངོ་བོ་འགྱུར་བསྡད་པའི་སྐོར་བཤད་སྡོད་ཀྱི་འདུག བདག་ཅག་གི་སྟོན་པའི་གསུང་དེའི་ཐོག་ནས། སྟོན་པས་ངས་གང་ཡང་བྱ་རྒྱུ་ཡོད་མ་རེད། ངས་ལམ་སྟོན་གྱི་ཡོད་པ་རེད། དེ་ཉིད་ཟེར་ན་གནས་ལུགས་ལ་གོ་དགོས་ཀྱི་ཡོད་རེད། གནས་ལུགས་དེའི་ཐོག་ལ་སོ་སོས་ཞིབ་འཇུག་དང་གོམས་འདྲིས་བྱས་ནས་འགྲོ་ཐུབ་དགོས་ཀྱི་ཡོད། སོ་སོའི་ངོས་ནས་དོ་སྣང་དང་། ཞིབ་འཇུག སྐུ་ལས་བསྐྱོན་ནས་འགྲོ་དགོས་ཀྱི་ཡོད་པ་དེ། བདག་ཅག་གི་སྟོན་པའི་གསུང་གི་ཆེ་བ་གཅིག་དེ་རེད་འདུག དེ་ཡིན་དུས། རྩ་བའི་སྔགས་ལ་ཆོ་ག་ཕྱག་ལེན་དེ་འདྲ་ཡོད་རེད་དེ། མར་བབ་ཡོང་དུས་མདོ་སྔགས་གང་ཡིན་རུང་། སོ་སོའི་ངོས་ནས་ཞིབ་འཇུག་མ་བྱས་ན་ཡོང་མ་ཐུབ་པའི་གནས་སྟངས་ཤིག་ཆགས་བསྡད་ཀྱི་འདུག དེ་བཞིན་ཉམས་ལེན་ཐོག་ལ། སློབ་དཔོན་དབྱིགས་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པ།། སྒོམ་པ་ལ་ནི་རབ་ཏུ་སྦྱོར།། ཞེས་གསུངས་པ་བཞིན། གནས་ལུགས་དེ་རྟོགས་རྒྱུའི་ཆེད་དུ་སྒོམ་པ་བྱེད་དགོས་པ་གལ་ཆེན་པོ་ཆགས་ཀྱི་ཡོད། དེང་སང་ཚན་རིག་པ་ཚོས་སོ་སོའི་བློ་གྲོས་དང་རྣམ་དཔྱོད་ཐོག་ནས། ནང་ཆོས་ཐོག་ལ་དམིགས་བསལ་གྱིས་གོ་རྒྱུ་འདུག་ཅེས་དོ་སྣང་དང་ཞིབ་འཇུག་བྱེད་བསྡད་ཀྱི་འདུག དེ་འདྲའི་ཞིབ་འཇུག་བྱས་ནས་གྲུབ་ཐོན་རྙེད་སོང་བ་ཡིན་ན། གནས་ལུགས་དེའི་ཐོག་ནས་འགྲོ་ཐུབ་རྒྱུ་དང་། དེ་འདྲའི་ལམ་ཁ་ཞིག་ཡོད་པ་གསལ་པོ་རེད་འདུག དེ་ལས་སླ་པོ་ཞིག་རྩ་བ་ནས་རེད་མི་འདུག ཐོག་མ་མེད་པ་ནས་མ་རིག་པ་དང་། ཉོན་མོངས་པའི་དབང་གིས་ཡོང་གི་ཡོད་དུས། ལམ་སེང་ངམ་ངམ་ཤུགས་ཀྱི་ཐོག་ནས་རྒྱུད་ལ་ཡོང་མ་ཐུབ་པ་གསལ་པོ་ཡིན་པས། དེ་ལ་གོམས་འདྲིས་བྱས་ནས་ཡོང་དགོས་པ་ཆགས་ཀྱི་འདུག ཚན་རིག་པ་ཚོས་ཀྱང་དངོས་པོ་གཅིག་གི་ཐོག་ལ་ཞིབ་འཇུག་བྱས་ནས་གྲུབ་འབྲས་ཐོན་གྱི་ཡོད་རུང་། དེ་ལ་མུ་མཐུད་ཡར་རྒྱས་ཡོང་བར་འབད་བརྩོན་བྱེད་ཀྱི་འདུག དཔེར་ན་གནམ་གྲུ་ལྟ་བུར་ཆ་བཞག་ན། གནམ་ལ་འཕུར་ཐུབ་པ་ཙམ་གྱིས་དེ་རང་ལ་ཆ་བཞག་ནས་མ་ཡིན་པར། དེ་མྱུར་པོ་འཕུར་ཐུབ་རྒྱུ་སོགས་ཀྱི་ཐོག་ལ་མུ་མཐུད་འབད་བརྩོན་གནང་གི་འདུག ང་ཚོ་ནང་ཆོས་ཐོག་ལའང་། དེང་དུས་རིག་གསར་གྱི་ཐོག་ནས་ནང་ཆོས་ཀྱི་དོན་དག་མྱུར་པོར་རྟོགས་ཐུབ་རྒྱུར་ཕན་ཚུན་མཉམ་ལས་བྱ་རྒྱུ་ཡོད་པ་ཏན་ཏན་ཡོད་རེད་བསམ་གྱི་འདུག དེ་ཚོའི་ཐོག་ལ་དགོངས་པ་བཞེས་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་འདུག
ནང་ཆོས་ནང་། ཆོས་ཀྱི་སྡོམ་བཞིའམ་ལྟ་བ་བཀའ་བཏགས་ཕྱག་རྒྱ་བཞི་ཞེས། འདུས་བྱས་ཐམས་ཅད་མི་རྟག་པ། །ཟག་བཅས་ཐམས་ཅད་སྡུག་བསྔལ་བ། །ཆོས་རྣམས་སྟོང་ཞིང་བདག་མེད་པ། ། མྱ་ངན་ལས་འདས་པ་ཞི་བ་བཅས་རེད། ཚན་རིག་པ་ཚོས་འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་པ་དེ་རང་བཞིན་གྱིས་ཁས་བླངས་དགོས་པ་འདྲ་པོ་ཆགས་བསྡད་ཡོད་རེད། ཆོས་གང་ཡིན་ཡང་འདུས་བྱས་རྒྱུ་རྐྱེན་ལ་བརྟེན་ནས་ཡོང་དགོས་ཀྱི་ཡོད་རེད་མ་གཏོགས། རྒྱུ་རྐྱེན་མ་བརྟེན་པའི་ཐོག་ནས་ཡོང་མ་ཤེས་པ་ལྟ་བུ། རྫས་སྦྱོར་གང་འདྲ་ཞིག་ཡིན་ཡང་འདུས་བྱས་དུ་མ་ཚོགས་ནས་ནུས་པ་ཞིག་ཡོང་ཐུབ་ཀྱི་ཡོད་རེད། གཙོ་བོ་རྒྱུ་རྐྱེན་རྟེན་འབྲེལ་ལས་བྱུང་བ། དེ་ཡང་མི་རྟག་པ། རང་བཞིན་གྱིས་གྲུབ་པ་མ་ཡིན་པར་འགྱུར་བའི་ཆ་ནས་ཡོང་དགོས་ཀྱི་ཡོད་པ། འགྱུར་བའི་ཆ་ནས་ཤོད་པ་ཡིན་ན། དུས་མཐའ་སྐད་ཅིག་མ་དང་། བྱ་རྫོགས་སྐད་ཅིག་མ་ཞེས་སྐད་ཅིག་མ་གཉིས་བཤད་ཀྱི་ཡོད་རེད། དུས་མཐའི་སྐད་ཅིག་མ་ཟེར་དུས་ཤིན་ཏུ་ཕྲ་བའི་འགྱུར་བ་དང་། བྱ་རྫོགས་སྐད་ཅིག་མ་ཟེར་དུས་བྱ་བ་ཞིག་འགོ་བཙུགས་ནས་མཇུག་རྫོགས་པའི་ཆ་དེ་ལ་ཟེར་གྱི་ཡོད་རེད། གང་ལྟར་འདུས་བྱས་དངོས་པོ་གང་ཡིན་ཡང་སྐད་ཅིག་སྐད་ཅིག་ལ་འགྱུར་བ་འགྲོ་བསྡད་པ། དེའི་ཐོག་ནས་ང་ཚོར་དགོས་པ་དེ་ཡོང་གི་ཡོད་རེད། ང་ཚོ་འདུས་བྱས་ཕུང་པོར་བརྟེན་མཁན་ཡིན་ན། རང་བཞིན་གྱི་འགྱུར་བ་དེ་སྐྱེ་རྒ་ན་འཆི་ཡོང་བསྡད་ཀྱི་ཡོད་པ་དང་། གཞན་ཕྱིའི་དངོས་པོ་ཡིན་ནའང་ཆགས་པ་དང་། འཇིག་པའི་གནས་སྟངས་དེ་འདྲ་ཡོང་བསྡད་དུས། རྒྱུ་རྐྱེན་རྟེན་འབྲེལ་གྱི་ཐོག་ནས་འདུས་བྱས་ཆ་ནས་མི་རྟག་པ་ཡོང་བསྡད་ཀྱི་ཡོད་པ། དེ་ཚོ་ཚན་རིག་པ་མཉམ་དུ་བཀའ་མོལ་དང་། གོ་བསྡུར་ཡོང་ཐུབ་རྒྱུའི་ལམ་ཁ་ཏན་ཏན་ཡོད་རེད་བསམ་གྱི་འདུག གཉིས་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཟག་བཅས་ཟེར་དུས་ཉོན་མོངས་པའི་བློའི་ཐོག་ནས་བླང་དོར་འབྱེད་ཐུབ་དགོས་པ། བླང་དོར་འབྱེད་མ་ཐུབ་པའི་ཐོག་ནས་ཟག་བཅས་ཀྱི་འབྲས་བུ་དེ་སྡུག་བསྔལ་བ་ཡོང་བསྡད་པ། བླང་དོར་ཚུལ་བཞིན་གནས་ཐུབ་པ་ཡིན་ན། དེའི་འབྲས་བུ་སྡུག་བསྔལ་འགོག་ཐུབ་པ། སྡུག་བསྔལ་འགོག་ཐུབ་པའི་ནུས་པ་དེ་ཡང་བློའི་ཐོག་ནས་ཡོང་དགོས་པ། ནང་ཆོས་ཀྱི་ཐོག་ནས་སེམས་སེམས་བྱུང་ཐོག་ལ་ཤུགས་ཆེན་པོ་བཤད་ཡོང་དུས། ཚན་རིག་གི་ཐོག་ནས་དེར་དོ་སྣང་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཀྱི་ཡོད་རེད། གསུམ་པ། ཆོས་རྣམས་སྟོང་ཞིང་བདག་མེད་པ། དེ་ཡང་དངོས་པོའི་ཆོས་ཉིད་རང་ཆགས་བསྡད་ཀྱི་ཡོད་རེད། དངོས་པོའི་ཐོག་ལ་ཞིབ་འཇུག་བྱས་ནས་གྲུབ་འབྲས་ཇི་ཙམ་ཐོན་མིན་བཤད་ཐུབ་དཀའ་ཡང་། དེ་མ་རེད་ཅེས་ལབ་ཐུབ་རྒྱུ་ཁག་པོ་ཆགས་བསྡད་ཡོད་རེད། དབུ་མ་རྩ་བ་ཤེས་རབ་ནང་ལོགས་ལ། དེ་ཕྱིར་རྟེན་འབྲེལ་མ་ཡིན་པའི་ཆོས་ཡོད་མ་རེད། སྟོང་ཉིད་མ་ཡིན་པའི་ཆོས་ཡོད་མ་རེད། རྟེན་འབྲེལ་དང་སྟོང་ཉིད་ཡིན་པའི་ཆ་ནས་ག་རེ་ཡིན་ནའང་ཡོང་གི་ཡོད་རེད། རྟེན་ནས་བརྟག་པ་ཟེར་བ་དེ་ཡང་དེའི་ཐོག་ནས་ཡོང་བསྡད་ཀྱི་འདུག བདག་མེད་པའི་ཐོག་ལ། ཆོས་ལུགས་ཀྱི་ཐོག་ནས་ཤོད་སྟངས་མི་འདྲ་བ་ཡོང་གི་ཡོད་རེད། བཞི་པ་མྱ་ངན་ལས་འདས་པ་ཞི་བ། ཞེས་མྱ་ངན་ཟེར་དུས་སྡུག་བསྔལ་དང་། དེ་ལས་གྲོལ་བ་ཡིན་ན་བདེ་བ་དང་ཞི་བ་ཆགས་ཀྱི་ཡོད་རེད། ང་ཚོ་ནང་པའི་གྲུབ་མཐའ་སྨྲ་བ་བཞི་རེད། དེ་ཚོའི་ཐོག་ནས་འགོག་བདེན་ཟེར་གྱི་རེད་པཱ། མྱང་འདས་ཀྱི་ཆ་ལ་བཞེད་ཚུལ་མ་འདྲ་བ་མང་པོ་ཡོད་རེད། གོ་བདེ་བ་འདྲ་ཡིན་ན། མྱ་ངན་ཟེར་ན་སྡུག་བསྔལ་དང་། དེ་ལས་ཐར་པ་ཡིན་ན་བདེ་བའམ་ཞི་བ་ལ་གོ་དགོས་ཀྱི་རེད། དེ་འདྲའི་གོ་སླ་བའི་འགྲེལ་བཤད་བརྒྱབ་རྒྱུ་ཡོད་རེད་བསམ་གྱི་འདུག དེ་ང་ཚོས་སངས་རྒྱས་ཀྱི་བཀའ་ལ་ལོག་འགྲེལ་བྱེད་ཀྱི་ཡོད་མ་རེད། སངས་རྒྱས་ཀྱི་བཀའ་དང་མཐུན་པའི་ཐོག་སོ་སོའི་རྣམ་དཔྱོད་བེད་སྤྱོད་གཏོང་དགོས་ཀྱི་ཡོད་རེད། སངས་རྒྱས་ཀྱིས་འདུལ་བྱའི་བློ་དང་མོས་པ་དང་མཚམས་པའི་ཐོག་ནས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་རེད། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དེ་མི་གཅིག་གི་བློ་ངོར་བལྟས་ན་འགལ་བ་སླེབས་བསྡད་པའི་གནས་སྟངས་ཤིག་ཡོད་རེད་པཱ། བྱེ་བྲག་སྨྲ་བའི་མྱང་འདས་ཀྱི་ཆ་དེར་མདོ་སྡེ་བས་འདོད་ཀྱི་ཡོད་མ་རེད། མདོ་སྡེ་བའི་མྱང་འདས་ཀྱི་ཆ་དེར་སེམས་ཙམ་པས་འདོད་ཀྱི་ཡོད་མ་རེད། སེམས་ཙམ་པའི་མྱང་འདས་ཀྱི་ཆ་དེར་དབུ་མ་པས་འདོད་ཀྱི་ཡོད་མ་རེད། དེ་ཡིན་དུས་མྱང་འདས་ཀྱི་ཆ་དེར་བཞེད་ཚུལ་མ་འདྲ་བ་མང་པོ་ཡིན་དུས་ང་རང་ཚོའི་ངོས་ནས་ཞིབ་འཇུག་དང་། ཚན་རིག་དང་མཐུན་པའི་ཐོག་ནས་འགྲེལ་བཤད་རྒྱག་སྟངས་ལག་ལེན་བསྟར་རྒྱུ་ཡོད་རེད་བསམ་གྱི་འདུག དེ་ཙམ་ཞུ་རྒྱུ་ཡིན།
དེ་རིང་དམིགས་བསལ་མཛད་སྒོ་འདིར་བཅར་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་། བོད་ཀྱི་དཔེ་མཛོད་ཁང་གི་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གཙོས་པའི་ལས་བྱེད་ཡོངས་ལ་བསྔགས་བརྗོད་ཞུ་རྒྱུ་དང་། ད་ལན་ལས་འཆར་དེ་འགོ་བཙུགས་ནས་ལོ་ངོ་ ༢༥ ཆགས་འགྲོ་ཡི་ཡོད་རེད། མ་འོངས་པར་ཡང་ནང་ཆོས་དང་། ཚན་རིག་ཟུང་སྦྲེལ་གྱི་ཐོག་ནས་འགྲོ་བ་སྤྱི་ལ་ཕན་ཐོགས་ཐུབ་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཇི་བཞིན་ཡོང་ཐུབ་རྒྱུར་ཚང་མས་ཧུར་ཐག་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་ཞེས་གསུངས་གནང་སོང་།
གཞན་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་བཀའ་བློན་ཁྲི་ཟུར་༧སྐྱབས་རྗེ་སློབ་དཔོན་ཟམ་མདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་དང་། དགེ་འདུན་པའི་ཆེད་དུ་ཚན་རིག་ཚོགས་པའི་ཚོགས་གཙོ་དང་སྦྱིན་བདག་སྐུ་ཞབས་སྦོ་སྦི་སེ་སྒར་ (Bobby Sager) མཆོག་གིས་ཉེར་ལྔའི་དུས་སྟོན་གྱི་ངོ་སྤྲོད་གསུང་བཤད། བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཕེབས་བསུའི་གསུང་བཤད། སྐུ་མགྲོན་གཙོ་བོ་མཆོག་གིས་དགེ་འདུན་པའི་ཆེད་དུ་ཚན་རིག་ཚོགས་པའི་ཚོགས་གཙོ་དང་སྦྱིན་བདག་སྐུ་ཞབས་སྦོ་སྦི་སེ་སྒར་ (Bobby Sager) མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་བཅས་ཕུལ་གནང་སོང་།
དགེ་འདུན་པའི་ཆེད་དུ་ཚན་རིག་ལས་འཆར་དེ་ནི་སྦོསེ་ཊོན་ (Boston) དུ་རྟེན་གཞི་བྱས་པའི་སེ་སྒར་ཁྱིམ་ཚང་ཐེབས་རྩ་ (Sager Family Foundation) དང་མཉམ་དུ་དམིགས་བསལ་འབྲེལ་ལམ་བྱུང་བ་བརྒྱུད་ཕྱི་ལོ་ ༢༠༠༡ ལོར་གསར་འཛུགས་ཞུས་པ་དང་། འབྲེལ་ལམ་དེའང་བོད་ཀྱི་དཔེ་མཛོད་ཁང་གི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ལས་གཞི་ཁག་འཕེལ་རྒྱས་དང་རྒྱུན་འཛིན་ཆེད་གསར་གཏོད་བྱས་པ་ཞིག་ཡིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྣང་དང་ལམ་སྟོན་གནང་བ་བརྒྱུད་དགེ་འདུན་པའི་ཆེད་དུ་ཚན་རིག་ལས་འཆར་འདིས་བཙན་བྱོལ་སྤྱི་ཚོགས་ནང་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་གནང་མཁན་དགོན་སྡེ་ཆེ་ཁག་གི་དགེ་འདུན་པ་རྣམས་ལ་ཚན་རིག་ངོ་སྤྲོད་བྱ་རྒྱུར་འབད་བརྩོན་ཞུས་གནང་འདུག་པ་བཅས།