ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཝུ་ པེ་ ཡི་ (Wu Pei Yi) མཆོག་གིས་སྣེ་ཁྲིད་པའི་ཐའེ་ཝན་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༢ པའི་ཚེས་ ༢༦ ཉིན་རྒྱབ་ཆུ་ཚོད་ ༣།༤༥ ཐོག་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཝུ་ པེ་ ཡི་ (Wu Pei Yi) མཆོག་གིས་སྣེ་ཁྲིད་པའི་ཐའེ་ཝན་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་ཤིང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་མཇལ་འཕྲད་ཀྱིས་བོད་དོན་དང་འབྲེལ་བའི་གནད་དོན་ཐོག་བཀའ་བསྡུར་ལྷུག་པོ་གནང་སོང་།

ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་ཐའེ་ཝན་གྲོས་ཚོགས་སྐུ་ཚབ་ཚོགས་ཆུང་ནང་། ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཤེན་ ཧྥ་ ཧུ་  (Shen Fa Hu) མཆོག་དང་། ཐའེ་པེ་ས་གནས་གྲོས་ཚོགས་འཐུས་མི་སྐུ་ཞབས་ལི་ ཁྲེན་ ཅང་ (Lee Chen Chang) ལགས། ལྕམ་སྐུ་མེའོ་ པོ་ ཡ་ (Miao Po Ya) ལགས། ཐའེ་ཝན་མང་གཙོ་ཐེབས་རྩ་ཁང་གི་འགན་འཛིན་གཞོན་པ་ལྕམ་སྐུ་ཚུ་ནི་ ཁྲང་ (Tsuni Cheng) ལགས། སྐད་སྒྱུར་བ་སྐུ་ཞབས་ལཡེ་ ཡུ་ ཤེན་ (Lai Yu Shen) ལགས་བཅས་ཡོད་འདུག

མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུངས་དོན། དེ་རིང་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཝུ་ པེ་ ཡི་ (Wu Pei Yi) མཆོག་གིས་གཙོས་པའི་ཕྱག་རོགས་རྣམ་པ་འདིར་ཕེབས་པར་ཧ་ཅང་དགའ་པོ་བྱུང་། དེ་སྔ་ཕྱི་ལོ་ ༢༠༡༤ ལོར་ང་རང་ཚོགས་གཞོན་ཡིན་པའི་སྐབས་ཐའེ་ཝན་ནང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཐོག་ནས་བཅར་རྒྱུ་བྱུང་། སྐུ་ཞབས་ཧྥི་རེ་ཌི་ ལིམ་ (Freddy Lim) མཆོག་གཞས་པ་ཞིག་དང་། ཕྱིས་སུ་གྲོས་ཚོགས་འཐུས་མི་ཆགས་པ། བོད་དོན་ཐོག་ཐུགས་སྣང་ཆེན་པོ་གནང་མཁན་ཞིག་རེད་འདུག རྗེས་སུ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཐུབ་ཡོད། དེ་སྔ་སྐུ་ཞབས་ཧྥི་རེ་ཌི་ ལིམ་མཆོག་དང་། ཐའེ་ཝན་ངལ་རྩོལ་བློན་ཆེན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༢ ལོར་ཨ་རིར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་བསྐོང་ཚོགས་གནང་སྐབས་ཆེད་བཅར་གནང་ཡོད་པ་རེད། དེ་འདྲའི་ཐོག་ནས་གྲོས་ཚོགས་དང་གྲོས་ཚོགས་ཀྱི་འབྲེལ་བ་དང་། གྲོས་ཚོགས་བརྒྱུད་ནས་རྒྱལ་སྤྱིའི་གྲོས་ཚོགས་མཉམ་དུ་ཐའེ་ཝན་གྲོས་ཚོགས་འཐུས་མི་དང་འབྲེལ་བ་འཇོག་རྒྱུར་དམིགས་བསལ་གྱིས་ཕན་ཐོགས་ཆེན་པོ་བྱུང་སོང་བསམས་ཀྱི་ཡོད། དེ་ཚོའི་གྲས་ཆབ་སྲིད་ཀྱི་འབྲེལ་བ་རེད།

རྩ་བའི་བོད་དང་ཐའེ་ཝན་དབར་ནང་ཆོས་ཀྱི་འབྲེལ་བ་ཡོད་ཅིང་། ལྷག་པར་དུ་ཕྱི་ལོ་ ༡༩༩༧ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐའེ་ཝན་ལ་ཆིབས་བསྒྱུར་བསྐྱངས་པའི་རྗེས་ལ། ང་ཚོའི་དབར་ཆོས་དང་། རིག་གཞུང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་མང་པོ་ཞིག་ཐའེ་ཝན་ནང་རྟེན་གཞི་ཆགས་ཡོད་པ་དེ་དག་བརྒྱུད་ནས་བཙན་བྱོལ་སྤྱི་ཚོགས་ནང་ལ་ཆོས་དང་། རིག་གཞུང་རྒྱུན་འཛིན་ཐོག་ལ་ཕན་ཐོགས་ཆེན་པོ་བྱུང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།  དེ་ཡང་མགོན་པོ་མཆོག་ཕྱི་ལོ་བདུན་ཅུ་དོན་གྲངས་ནས་ཐོག་མར་མ་ལེ་ཤི་ཡ་དང་། ཐའེ་ལན་ཌ། ཉི་འོང་བཅས་ལ་ཆིབས་བསྒྱུར་དང་། ༡༩༩༧ དང་། ༢༠༠༡། ༢༠༠༩ བཅས་སོ་སོར་ཐའེ་ཝན་ནང་ཆིབས་བསྒྱུར་ཐེངས་གསུམ་བསྐྱངས་འདུག དེ་འདྲའི་ཐོག་ནས་ང་ཚོའི་དབར་ཆོས་དང་། ཆབ་སྲིད་ཀྱི་འབྲེལ་བ་ཚད་མཐོ་པོ་ཞིག་ལ་སླེབས་པར་ངོས་འཛིན་བྱེད་ཀྱི་ཡོད།

ཝ་ཤིང་ཊོན་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་གྲུབ་རྗེས། ནིའུ་ཡོག་ཏུ་རྒྱ་རིགས་མང་གཙོ་དོན་གཉེར་ཅན་རྣམས་དང་ཟུར་དུ་ཚོགས་འདུ་ཚོགས་སྐབས། རྒྱ་རིགས་གཅིག་གིས་དགོངས་ཚུལ་གསུངས་པར། རྒྱ་མི་རིགས་ལ་ཐའེ་ཝན་གྱི་ལུང་པ་དེ་གལ་ཆེ་ཤོས་ཆགས་ཀྱི་ཡོད་པ་དང་། བོད་མི་རིགས་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གལ་ཆེ་ཤོས་ཆགས་ཀྱི་ཡོད། དེ་ཡིན་དུས་ཕན་ཚུན་འབྲེལ་བ་འཇོག་དགོས་པའི་སྐོར་གསུངས་སོང་། ལྷག་པར་དུ་རྒྱ་ནག་སྐམ་ས་ཆེན་མོའི་གནས་ཚུལ་ཤེས་རྟོགས་ཡོང་རྒྱུར་ཐའེ་ཝན་གལ་ཆེན་པོ་ཆགས་ཀྱི་ཡོད་དུས། ང་ཚོ་ལའང་ཐའེ་ཝན་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་འདུག ཐའེ་ཝན་སྲིད་འཛིན་དང་། སྲིད་འཛིན་གཞོན་པའི་གསུང་བཤད་ནང་ལའང་། རྒྱ་ནག་དམར་གཞུང་གིས་བོད་ས་བཙན་འཛུལ་བྱས་ཡོད་པའི་སྐོར་དང་། ཐའེ་ཝན་གྱི་ཐོག་ལ་བོད་ཀྱི་གནས་ཚུལ་ལྟ་བུ་མ་ཡོང་བའི་སྐོར་ཡང་ཡང་གསུང་གནང་གི་འདུག བོད་ཀྱི་གནས་སྟངས་དེ་ཐའེ་ཝན་ལ་དཔེ་མཚོན་འདྲ་པོ་ཞིག་ཆགས་བསྡད་ཡོད་དུས། ཕན་ཚུན་འབྲེལ་བ་འཇོག་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། ཐའེ་ཝན་གྱི་ཆབ་སྲིད་མི་སྣ་དང་། མི་མང་དཀྱུས་མ་རྣམས་རྒྱ་གར་དང་། དམིགས་བསལ་བཞུགས་སྒར་རྡ་རམ་ས་ལར་ཕེབས་ནས་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་རྒྱུས་ལོན་གནང་རྒྱུ་ཡོད་ཀྱང་། རྒྱ་ནག་སྐམ་ས་ཆེན་མོར་ཡོད་པའི་རྒྱ་རིགས་རྣམས་ཕྱི་ལ་ཡོང་རྒྱུའི་རང་དབང་མེད་པ་དང་། ཕྱི་ལོགས་ལ་ཡོང་རྒྱུའི་རང་དབང་ཡོད་ནའང་རྡ་རམ་ས་ལར་ཡོང་རྒྱུར་གཟབ་གཟབ་ཞེ་པོ་བྱེད་དགོས་པའི་གནས་སྟངས་ཆགས་བསྡད་དུས། ང་ཚོའི་གནས་སྟངས་ངོ་མ་ཤེས་ཀྱི་མེད་པ་རེད། དེ་ཡིན་དུས། རྒྱ་ནག་དམར་གཞུང་གིས་གང་བཤད་པ་དེར་རྩ་འཛིན་འདྲ་པོ་བྱས་ནས་སྡོད་རྒྱུ་ལས་གཞན་ཐབས་ཤེས་གང་ཡང་མེད། རྒྱ་དམར་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོར་དམིགས་ཏེ་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་ཡོད་པ་རེད། རྣམ་པ་ཚོ་བརྒྱུད་ནས་རྒྱ་མི་རིགས་ལ་དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་རྟོགས་ཐུབ་ཐབས་དང་། དེའི་ཐོག་ནས་སྤྱི་ཚོགས་ཁྱོན་ཡོངས་ནང་གོ་རྟོགས་སྤེལ་ཐུབ་ཐབས་གནང་དགོས་པ་དེ་གལ་ཆེན་པོ་ཞིག་ལ་བརྩི་ཡི་ཡོད།

དུས་རྒྱུན་རྒྱ་གར་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་དེ་འདྲ་མཇལ་འཕྲད་གནང་དུས། ཁོང་རྣམ་པས་རྒྱ་གར་གྱི་ཐོག་ནས་ཐའེ་ཝན་དང་འབྲེལ་བ་འཇོག་རྒྱུ་གལ་ཆེན་པོ་ཡིན་པ་གསུང་གི་འདུག གང་ཡིན་ཟེར་ན། ཐའེ་ཝན་དེ་མང་གཙོའི་རྒྱལ་ཁབ་ཅིག་དང་། འགྲོ་བ་མིའི་ཐོབ་ཐང་གལ་ཆེན་པོར་བརྩི་མཁན། སོ་སོའི་གནའ་བོའི་རིག་གཞུང་མི་ཉམས་པར་རྒྱུན་འཛིན་ཐུབ་མཁན་ཨེ་ཤི་ཡའི་རྒྱལ་ཁབ་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་དུས། རྒྱ་གར་དང་། ཐའེ་ཝན་གྱི་འབྲེལ་བ་དམ་སྲུང་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུང་གི་འདུག ཆབ་སྲིད་ཀྱི་ཐོག་ནས་ཐད་ཀར་འབྲེལ་བ་བྱ་རྒྱུ་ཏོག་ཙམ་དཀའ་ལས་ཡོད་ནའང་། རིག་གཞུང་དང་། ཚོང་འབྲེལ་སོགས་ཀྱི་ཐོག་ནས་འབྲེལ་བ་ཤུགས་ཆེ་རུ་གཏོང་བ་ཡིན་ན་ཐུགས་ཕན་ཆེན་པོ་གསོ་ཡི་རེད་བསམས་ཀྱི་འདུག

རྣམ་པ་ཚོ་དེ་རིང་འདིར་ཕེབས་ནས་ཕན་ཚུན་བཀའ་བསྡུར་གནང་རྒྱུ་བྱུང་བ་དེ་ང་ཚོའི་ལོ་རྒྱུས་ནང་ལེའུ་གསར་པ་ཞིག་ཆགས་ཀྱི་རེད། འདིར་ཕེབས་ཐུབ་པར་དགའ་པོ་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ཀྱི་ཆོས་དང་། རིག་གཞུང་ཐོག་ནས་འགྲོ་བ་སྤྱི་ལ་ཞབས་ཕྱི་ཞུ་ཐུབ་རྒྱུའི་རིན་ཐང་ཆེན་པོ་ཡོད་པ་ཉིན་རེ་བཞིན་གསལ་པོ་ཆགས་བསྡད་ཀྱི་འདུག དུས་རྒྱུན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་ནི་འཛམ་གླིང་གི་གཅེས་ནོར་རེད་ཅེས་གསུངས་པ་ལྟར། རྒྱ་མི་རིགས་དང་། ང་ཚོའི་དབར་རིག་གཞུང་བརྗེ་ལེན་བྱ་རྒྱུ་སོགས་ཀྱི་གོ་སྐབས་ཡོད་དུས། དེ་ཚོའི་ཐོག་ལ་དོ་སྣང་བྱེད་དགོས་པ་གལ་ཆེན་པོ་རེད་འདུག ངས་དེ་ཙམ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུངས་གནང་སོང་།

དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུངས་དོན། ཐའེ་ཝན་གྲོས་ཚོགས་སྐུ་ཚབ་ཚོགས་ཆུང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དགའ་སྤོབས་ཆེན་པོ་བྱུང་། ཁྱེད་རྣམས་འདིར་ཕེབས་པ་དེས་ང་ཚོའི་དབར་ཕན་ཚུན་མཛའ་བརྩེའི་འབྲེལ་བ་ཙམ་མ་ཟད། མང་གཙོའི་ལྟ་གྲུབ་དང་རིན་ཐང་། ཆེ་མཐོང་། འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་བཅས་ཐུན་མོང་གི་རིན་ཐང་ལ་ང་ཚོས་དམ་བཅའ་བརྟན་པོ་བཟུང་ཡོད་པ་མཚོན་གྱི་ཡོད། རྒྱ་ནག་གི་གནོན་ཤུགས་ལ་མ་ལྟོས་པར་ཁྱེད་རྣམས་བཞུགས་སྒར་རྡ་རམ་ས་ལར་ཕེབས་པ་དེས་རྒྱ་ནག་དམར་གཞུང་ལ་བརྡ་ལན་ཤུགས་ཆེན་སྤྲོད་ཀྱི་ཡོད།

ད་ལྟའི་རྒྱ་ནག་དམར་གཞུང་འོག བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཅིང་། འཛུགས་བསྐྲུན་གྱི་ལས་གཞིར་ཁ་གཡར་ཏེ། བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་། ཚད་ལས་བརྒལ་བའི་ཁོར་ཡུག་གཏོར་སྐྱོན། ཆོས་དད་རང་དབང་བཙན་འཕྲོག རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན། ལྷག་པར་དུ་བོད་ཕྲུག་རྣམས་སོ་སོའི་ཕ་མ་དང་ཁ་ཕྲལ་ཏེ་རྒྱའི་གཏན་འཇགས་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་ནས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། སྐད་ཡིག རིག་གཞུང་། མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་། གདུག་རྩུབ་ཅན་གྱི་སྲིད་བྱུས་དེ་དག་ལ་མི་བཟོད་པར་ད་བར་བོད་མི་རྒན་གཞོན་གྲངས་ ༡༥༧ གྱིས་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་ཡོད། ང་ཚོས་རྒྱ་ནག་མི་མང་ལ་ངོ་རྒོལ་མིན་པར། རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱེད་བཞིན་ཡོད་པ་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཐོག་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། མུ་མཐུད་བོད་ནང་གི་དངོས་ཡོད་གནས་ཚུལ་ཁྱབ་སྤེལ་གནང་རྒྱུར་མཐུན་འགྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་། ཐའེ་ཝན་མང་གཙོ་ཐེབས་རྩ་ཁང་གིས་མཐུན་འགྱུར་རྒྱབ་སྐྱོར་གནང་བ་ལའང་ཐུགས་རྗེ་ཆེ་བཅས་ཞུས་གནང་སོང་།

ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཝུ་ པེ་ ཡི་ (Wu Pei Yi)  མཆོག་གིས་གཙོ་བོ་གསུངས་དོན། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་ལས་བྲེལ་ཆེན་པོ་ཡིན་ཡང་དུས་ཚོད་བཏོན་ནས་སྣེ་ལེན་ཕེབས་བསུ་ཞུས་པར་ཐུགས་རྗེ་ཆེ་ཞུས་རྗེས། སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་ངོ་སྤྲོད་དང་། དེ་སྔ་ལོ་གཉིས་གོང་ལ་དཔལ་ལྡན་ཚོགས་གཞོན་དང་། ཕྱི་དྲིལ་བཀའ་བློན་ལྷན་ཐའེ་ཝན་སྲིད་འཛིན་དམ་འབུལ་མཛད་སྒོའི་སྐབས་ཐའེ་ཝན་གྲོས་ཚོགས་ནང་མཇལ་འཕྲད་གནང་རྒྱུ་བྱུང་བའི་སྐོར། ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ནས་ལོ་ངོ་ ༡༠ འཁོར་གྱི་ཡོད་པ། སྐབས་དང་པོའི་ཚོགས་གཙོ་ཧྥི་རེ་ཌི་ ལིམ་ད་ཆ་ཐའེ་ཝན་གཞུང་གི་ཧྥིན་ལན་ཌི་ཡི་གཞུང་ཚབ་དང་། སྐབས་གཉིས་པའི་ཚོགས་གཙོ་ཐའེ་ཝན་ངལ་རྩོལ་བློན་ཆེན་ཆགས་བསྡད་ཡོད་སྐོར། ཁོང་རྣམ་པ་གཉིས་ནས་རྡ་རམ་ས་ལར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་བར་བཅར་དགོས་པ་དང་། མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་དགོས་པའི་སྐུལ་མ་ཡང་ཡང་གནང་གི་ཡོད་པའི་སྐོར། ཐའེ་པེ་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ནས་ལོ་བརྒྱད་འགྲོ་ཡི་ཡོད་པ་དང་། ཐེ་ཝན་གྲོང་ཁྱེར་ནང་ནས་ཐའེ་པེ་ས་གནས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཐོག་མ་ཆགས་ཀྱི་ཡོད་པ་མ་ཟད། སྔ་ལོ་གྲོང་ཁྱེར་གཞན་ནང་ལའང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ཐུབ་ཡོད་པ། ཁོང་རྣམ་པ་ད་རེས་རྡ་རམ་ས་ལར་ཐེངས་དང་པོ་སླེབས་ནས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་རྒྱུ་དང་། བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ལ་གཟིགས་རྒྱུའི་སླད་ཕེབས་ཡོད་སྐོར་སོགས་གསུངས་པ་མཟད། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་སོང་།

གཞན་ཡང་ཐའེ་ཝན་སྐུ་ཚབ་ཚོགས་ཆུང་ནས། བོད་དང་ཐའེ་ཝན་དབར་འདྲ་བའི་ཆ་མང་པོ་ཡོད་སྐོར་དང་། བོད་དེ་རྒྱ་ནག་གི་བཙན་གནོན་འོག་དཀའ་སྡུག་མང་པོ་མྱངས་པ་བཞིན་ད་ལྟའི་ཆར་ཐའེ་ཝན་ནང་ལའང་གནས་སྟངས་དེ་འདྲ་ཡོང་བཞིན་ཡོད་ལུགས། ཕྱི་ལོ་ ༡༩༩༠ ལོར་ཐའེ་ཝན་མང་གཙོར་བསྒྱུར་བའི་རྗེས་ལ་བོད་ལ་བལྟ་སྟངས་འགྱུར་བ་ཕྱིན་ཡོད་པ། ཐའེ་ཝན་མི་མང་གིས་བོད་ནང་གི་བོད་མིའི་དཀའ་སྡུག་དང་། བཙན་བྱོལ་ནང་གི་བོད་མིའི་གནས་སྟངས་དེ་ཚོ་མཐོང་ནས་ཤེས་རྟོགས་དང་སེམས་ཚོར་ཡོད་པ། ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་དམར་གཞུང་གིས་གནོན་ཤུགས་འོག བོད་དང་རྒྱ་ནག་དབར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་པ་དེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལྟ་བུ་ཐེངས་དང་པོ་འདྲ་པོ་ཆགས་ཀྱི་ཡོད་པ་དང་། དེ་བོད་ལ་ལམ་ལྷོངས་བྱུང་མེད་པ་དང་། དེ་བཞིན་ཧོང་ཀོང་ལའང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་ལམ་ལྷོངས་བྱུང་མེད་པ་བཅས་ཀྱི་ལོ་རྒྱུས་ཀྱི་ཉམས་མྱོང་ཐོག་ནས་ཐའེ་ཝན་མི་མང་ལ་དྲན་གསོ་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་སྐོར། ཐའེ་ཝན་གྲོས་ཚོགས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དབར་འབྲེལ་བ་བྱ་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་དང་། མུ་མཐུད་འབྲེལ་ལམ་ཡར་རྒྱས་ཡོང་རྒྱུའི་སྨོན་འདུན་ཡོད་སྐོར་གསུངས་སོང་།

སྐབས་དེར་ཁོང་རྣམས་དང་ལྷན་ཐའེ་ཝན་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་མི་འགྱུར་གཡུ་སྒྲོན་ལགས་ལྷན་བཅར་ཞུས་ཡོད་པ་བཅས།