
༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༠ ཉིན་ཉི་འོང་ཨོ་སཱ་ཀཱ་ཏ་ཀཱ་སུ་ཀི་ས་གནས་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ས་དཱ་ཡུ་ཀི་ ཀོ་མོ་རི་ (Sadayuki Komori) མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་མཇལ་འཕྲད་གནང་ཡོད་འདུག

མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་དང་། དེ་བཞིན་བོད་མི་དང་། ཉི་འོང་མི་མང་དབར་ནང་ཆོས་ཐོག་ནས་བྱུང་བའི་ཕན་ཚུན་མཛའ་བརྩེའི་འབྲེལ་ལམ་སྐོར་ལ་གསུངས་པ་མ་ཟད། ཁོར་ཡུག་དང་། རིག་གཞུང་སྲུང་སྐྱོབ། ཆོས་ལུགས་བགྲོ་གླེང་སོགས་ཀྱི་ཐོག་མུ་མཐུད་འབྲེལ་ལམ་རྒྱུན་འཁྱོངས་གནང་རྒྱུའི་གལ་གནད་སྐོར་གསུངས་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཞབས་སོར་འཁོད་རྗེས། ཕྱི་ལོ་ ༡༩༦༧ ལོར་ཕྱིའི་རྒྱལ་ཁབ་ཀྱི་ཐོག་མ་ཉི་འོང་ལ་ཆིབས་བསྒྱུར་མཛད་ཡོད་པ་དང་། འདི་ལོ་ཉི་འོང་རྒྱལ་ས་ཊོཀ་ཡོར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་བསྐོང་ཚོགས་གནང་ཐུབ་ཡོད་པ། ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་འཛམ་གླིང་སྟེང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཆགས་ཀྱི་ཡོད་པ་སོགས་གསུངས་ཏེ། ད་བར་ཉི་འོང་རྒྱབ་ཁབ་ཀྱིས་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག

གཞན་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུངས་དོན། བོད་ནང་ཆོས་དང་། སྐད་ཡིག རིག་གཞུང་བཅས་ཀྱི་ཐོག་རྒྱ་དམར་གཞུང་གིས་སྔར་ལྷག་དམ་དྲག་དང་། གདུག་རྩུབ་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པར་བརྟེན་ནས་བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་འབྲེལ། རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་སྔར་ལྷག་དགོས་གལ་ཆེན་པོ་ཡིན་པ་དང་། རྒྱ་ནག་དམར་གཞུང་གི་སོ་སོའི་བྱ་སྤྱོད་ལ་འགན་ཁུར་དགོས་པ་སོགས་གསུངས་འདུག
རྒྱ་གཞུང་གིས་བོད་ཀྱི་དོ་ཕོག་སྐྱེན་པའི་ཁོར་ཡུག་ལ་གཏོར་བཤིག་བཏང་དང་གཏོང་བཞིན་པའི་སྐོར་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་དང་ལྷན་ཚོང་འབྲེལ་བྱེད་སྐབས། རྒྱ་དམར་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་དང་། ཁོར་ཡུག་གཏོར་སྐྱོན་བཏང་དང་གཏོང་བཞིན་པར་འགན་འཁུར་དགོས་པ་བཟོ་རྒྱུའི་འབོད་སྐུལ་ཞུས་འདུག

ཉི་འོང་གྲོས་ཚོགས་འཐུས་མི་ཀོ་མོ་རི་མཆོག་གིས་གསུངས་དོན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉི་འོང་ནང་ཡོད་པའི་ཁོང་གི་སློབ་གྲྭར་ཐེངས་མང་ཆིབས་བསྒྱུར་མཛད་ཡོད་པ་དང་། ཁོང་གི་ཐུགས་ལ་བོད་དོན་རྟག་ཏུ་ཡོད་པ་དང་། ད་ལན་བཞུགས་སྒར་རྡ་རམ་ས་ལར་ཕེབས་དོན་ཡང་དེ་ལྟར་ཡིན་སྐོར་གསུངས་འདུག
མཐར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཉི་འོང་ཨོ་སཱ་ཀཱ་ཏ་ཀཱ་སུ་ཀི་ས་གནས་གྲོས་ཚོགས་འཐུས་མི་མཆོག་ལ་འཚམས་འདྲིའི་མཇལ་དར་དང་། དྲན་རྟེན་ཕྱག་རྟགས་བཅས་ཕུལ་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་འདུག་པ་བཅས།