ཇ་ཝ་ཧར་ལཱལ་ ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་ཤར་ཨེ་ཤེ་ཡའི་ཤེས་ཡོན་བསྟི་གནས་ཁང་དུ་ ‘སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་བོད་མིའི་མང་གཙོ།’ ཞེས་པའི་བརྗོད་གཞིའི་ཐོག་པར་རིགས་འགྲེམས་སྟོན་གནང་བ།

༄༅། ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༧སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩིའི་སླད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༡༡ པའི་ཚེས་ ༤ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ པ་ནས་ཕྱི་དྲོ་ཆུ་ཚོད་ ༥།༠༠ བར་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཇ་ཝ་ཧར་ལཱལ་ ནེ་རུ་གཙུག་ལག་སློབ་གཉེར་ཁང་ (Jawaharlal Nehru University) གི་ཤར་ཨེ་ཤེ་ཡའི་ཤེས་ཡོན་བསྟི་གནས་ཁང་ (Center for East Asian Studies) དུ། ‘སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་བོད་མིའི་མང་གཙོ།’ ཞེས་པའི་བརྗོད་གཞིའི་ཐོག་པར་རིགས་འགྲེམས་སྟོན་ཞིག་གནང་ཡོད་པ་རེད།

དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་རྒྱ་གར་གྱི་མི་སེར་གཟེངས་རྟགས་མཐོ་ཤོས་བཞི་པ་པདྨ་ཤྲི་ (Padma Shri) བཞེས་མྱོང་མཁན་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྤྱིའི་ཤེས་ཡོན་སྡེ་ཚན་གྱི་འགན་འཛིན་སློབ་དཔོན་སྐུ་ཞབས་ཨ་མི་ཏཱ་བཱ་ མ་ཊོ་ (Prof. Amitabh Mattoo, Dean of the School of International Studies, Jawaharlal Nehru University) མཆོག་ཆེད་ཕེབས་ཀྱིས་འགྲེམས་སྟོན་དབུ་འབྱེད་དང་སྦྲགས། པར་རིགས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་རྗེས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་འགྲེམས་སྟོན་ལ་བསྔགས་བརྗོད་གནང་སོང་།

ཉིན་དེའི་འགྲེམས་སྟོན་སྐབས། ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་ཤར་ཨེ་ཤེ་ཡའི་སྡེ་ཚན་གྱི་རྒྱ་ནག་ཐོག་གི་སློབ་དཔོན་ཆེན་མོ་ཤི་རི་ཀན་ཐཱ་ ཀོན་ཌ་པ་ལི་ (Prof. Srikanth Kondapalli) ལགས་དང་། སློབ་གཉེར་བ་བོད་ཕྲུག་ཁག་ཅིག་གིས་མཐུན་འགྱུར་གནང་བ་དང་། འགྲེམས་སྟོན་གནང་བ་བརྒྱུད་འདི་གའི་རྒྱ་གར་དང་ཕྱི་རྒྱལ་སློབ་ཕྲུག་བརྒྱ་ཕྲག་བརྒལ་བར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད།


འགྲེམས་སྟོན་ཐོག ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་སྨོན་སྐྱིད་ལགས་དང་། རྒྱལ་མཚན་མགོན་པོ་ལགས། ཕུན་ཚོགས་རྒྱ་མཚོ་ལགས། བསྟན་འཛིན་དཔལ་འབྱོར་ལགས་བཅས་ཆེད་བཅར་གནང་ཡོད་པ་བཅས།