ཆུ་འབྲུག་ལོའི་ལོ་གསར་ཚེས་གཅིག་ཉིན་སྤྱི་འཐུས་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཟས་བཅད་ངོ་རྒོལ་ལས་འགུལ།

བོད་རབ་གནས་ཆུ་འབྲུག་ལོའི་གནམ་ལོ་གསར་བཞད་ཀྱི་ཞོགས་པའི་ཆུ་ཚོད་ ༧ སྟེང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དབུ་བཞུགས་ཀྱིས་གཙུག་ལག་ཁང་ཡང་སྟེང་དུ་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་ཚེས་གཏོར་དང་། གཙུག་ལག་ཁང་དུ་དགུང་གསར་རྟེན་འབྱུང་མཛད་སྒོ་གྲུབ་འཕྲལ། ཚོུད་ ༡༠།༠༠ ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དབུ་འཛུགས་གནང་ཡོད་པ་དང་། མཛད་རིམ་གྱི་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་མཚམས། བོད་བསྟན་སྲིད་ཆེད་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་ལ་རྗེས་དྲན་དང་འབྲེལ་བའི་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་རིང་གནང་བ་དང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས། ད་བར་རང་ལུས་ཞུགས་འབུལ་གནང་མཁན་དང་རྒྱ་མིའི་མདེལ་ཆར་འོག་ནས་འདས་གྲོངས་སུ་ཕྱིན་པའི་དཔའ་བོ་དཔའ་མོ་ཚོ་ངོ་སྤྲོད་དང་འབྲེལ། རྒྱ་གཞུང་གིས་བོད་དུ་ལག་བསྟར་བྱེད་བཞིན་པའི་མི་སེར་སྤེལ་ཡུལ་རིང་ལུགས་པའི་སྲིད་ཇུས་ཞིབ་རྒྱས་སུ་བཀྲལ་ཏེ། གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུའི་ལས་གཞི་དང་། འབྲོག་མི་བདེ་སྡོད། འཛུགས་སྐྲུན་ལས་གཞི་ཁག  ཐོན་ཁུངས་སྔོག་འདོན། རྒྱ་རིགས་བོད་ནང་གནས་སྤོས། བོད་སྐྱོར་ལས་བྱེད་པ་ཟེར་བ་དང་དེ་དག་གི་དམིགས་བསལ་ཁྱད་དབང་སོགས་རེ་རེ་བཞིན་ཐེར་འདོན་དང་། དེ་བཞིན་བླ་སྤྲུལ་ངོས་འཛིན་དང་། དེང་སང་དགོན་སྡེ་ཁག་ཏུ་མི་རབས་བཞིའི་རྒྱ་དཔོན་ཚོའི་འདྲ་དཔར་དང་། སྐར་ལྔའི་དར་དམར་གཤོམ་འཇུག་དགོས་པ་དང་། དགོན་སྡེ་དོ་དམ་ཨུ་ལྷན་ཟེར་བའི་ཁོངས་སུ་སྤྱི་བདེ་སོགས་རྒྱ་གཞུང་གི་ལས་ཁུངས་ཁག་གི་མི་སྣ་ཆེད་བསྐོ་བྱེད་བཞིན་པ་དང་། དགོན་སྡེ་ཁག་ཏུ་སྤྱི་བདེ་མངགས་གཏོང་ཁང་དང་ཉེས་དོན་ཁང་གསར་འཛུགས་རྒྱ་བསྐྱེད། དགོན་པར་ཏང་གི་ཡན་ལག་ཁང་དང་བུད་མེད་ཚོགས་པ་གསར་འཛུགས། དགོན་སྡེ་ཁག་ཏུ་སོ་ལྟའི་པར་ཆས་འཇོག་པ་དང་། གྲྭ་བཙུན་ཚོར་ངོ་སྤྲོད་ལག་ཁྱེར་ལས་གཞན་པའི་ལག་ཁྱེར་དུ་མ་མེད་ཚེ་བཀག་བསྐྱིལ་འདྲི་བརྩད་བྱེད་པ་དང་། ཆོས་འཆད་སྤེལ་ལ་ས་ཁོངས་དོ་དམ་སོགས་ཀྱི་རྐྱེན་ལས་ཆོས་སྡེ་ཕལ་ཆེ་བ་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་ཡུལ་ལྟ་བུར་གྱུར་ཡོད་པ་དང་། རང་སྐྱོང་སྲོལ་ཡིག་ཁག་དང་། སྐད་ཡིག་ལས་དོན་གྱི་སྲོལ་ཡིག་ལ་སྣང་མེད་བཏང་སྟེ། སློབ་གྲྭ་ཁག་ཏུ་སློབ་ཁྲིད་སྐད་ཡིག་རྒྱ་ཡིག་ཏུ་སྒྱུར་བཞིན་པ་དང་། བོད་ཆོལ་ཁ་གསུམ་ནས་རྒྱ་ནག་ནང་སར་བོད་རིགས་སློབ་གྲྭ་དང་བོད་རིགས་འཛིན་གྲྭ་ཟེར་བར་སློབ་ཕྲུག་ཁྲིད་ཁྱེར། བོད་ས་ཡོངས་སུ་རྒྱའི་སྐད་ཡིག་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་དང་།

 

བོད་ཀྱི་རི་ཀླུང་རྒྱན་རྩེད་ལྟ་བུས་གང་བྱུང་དུ་གཏེར་ཁ་འཚོལ་ཞིབ་དང་སྔོག་འདོན་བྱེད་པ་དང་། བོད་ཁུལ་གྱི་ཚོང་ལས་རྣམས་རྒྱ་རིགས་མ་རྩ་ཅན་ཚོས་སྒེར་སྡོམ། བོད་མིའི་ས་ཆའི་བདག་དབང་འཕྲོག་སྟེ། རྒྱ་རིགས་ཚོས་བེད་སྤྱོད་བྱེད་བཞིན་པ་དང་། འབྲོག་པ་རོང་དུ་ཕབས་ཏེ་འཚོ་ཐབས་ལ་དཀའ་ཉེན་འཕྲད་པ།

ད་དུང་རྒྱ་གཞུང་ནས་བོད་རྒྱ་འབྲེལ་མོལ་གྱི་ནོར་འཁྲུལ་བོད་པས་བཟོས་ལུགས་དང་། ཝུན་ཅ་པའོ་ཡིས་རང་ལུས་ཞུགས་འབུལ་ནི་འཇིགས་སྐུལ་རིང་ལུགས་པ་ཡིན་ཚུལ་བསྒྲགས་པ། གནད་དོན་གང་ཞིག་ཡིན་རུང་མི་འགྲིག་པ་ཡོད་ཚད་ཏཱ་ལའི་རུ་ཚོགས་ལ་ཁག་དཀྲི་བྱེད་པ། རྒྱ་ནག་ནང་ངོ་རྒོལ་ལས་འགུལ་ལོ་རེར་སྟོང་ཕྲག་མང་པོ་འབྱུང་བཞིན་ཡང་མེ་མདའ་བརྒྱབ་རིགས་མེད་པ་དང་། ཝུའུ་ཁན་གྱི་ལས་འགུལ་ནས་མི་རིགས་དབྱེ་འབྱེད་ཀྱི་བྱེད་སྟངས་གསལ་པོ་ར་འཕྲོད་པ། དགོན་པ་དང་གྲོང་གསེབ་གང་སར་ལས་དོན་རུ་ཁག་ཆེད་རྫོང་། གང་སར་འགག་སྒོ་དང་ཞིབ་བཤེར་ས་ཚིགས་འཛུགས་པ། ཉེ་ཆར་བོད་ནང་ཕྱིར་ལོག་བྱེད་མཁན་བོད་མི་ཚོར་བཀག་བསྐྱིལ་སློབ་གསོ། ཞི་རྒོལ་བྱེད་མཁན་དང་དེ་དག་གི་ནང་མི་འཛིན་བཟུང་། བོད་མི་ཤེས་ཡོན་ཅན་དང་གྲགས་ཅན་མི་སྣར་བསུན་གཙེར་སོགས་ད་ལྟའི་ཆར་བོད་ས་ཡོངས་རྫོགས་ལ་དམ་དྲག་གིས་ཕྱི་སྒོ་བཅད་སྡོམ་བྱས་ཡོད་པ་སོགས་ཀྱི་རྒྱུ་མཚན་རྣམས་རེ་རེ་བཞིན་ངོ་སྤྲོད་གནང་ཡོད་པ་དང་།

གསུང་བཤད་གྲུབ་མཚམས། ཚོགས་གཙོ་མཆོག་གིས་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ལྡིངས་ཆའི་སྟེང་དཔའ་བོ་དཔའ་མོའི་སྐུ་པར་མདུན་སྣང་གསལ་མར་མེ་ཞལ་དབྱེ་གནང་སྟེ། ཉིན་གང་སྨོན་ལམ་གསུང་འདོན་གནང་ཡོད་པ་དང་། ཞལ་འདོན་གྱི་ཐུན་མཚམས་སུ་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་གྱི་གློག་བརྙན་ཁག་གཟིགས་འབུལ་ཞུས་ཡོད།

དགོང་དྲོ་ཚོུད་ ༥ པའི་ཐོག་བོད་མི་མང་སྤྱི་འཐུས་རྣམ་པས་སྣེ་འཁྲིད་དེ་མེག་གྷན་བརྒྱུད་མར་མེའི་ཁྲོམ་བསྐོར་གནང་བཞིན་པར་སླར་ཡང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རྭར་འཛོམས་མཚམས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ལྷག་དཀར་ལས་འགུལ་སྲུང་བརྩི་ཞུ་རྒྱུའི་དགོས་པ་དམིགས་ཡུལ་ངོ་སྤྲོད་དང་འབྲེལ། ལས་འགུལ་མཇུག་བསྡོམས་ཀྱི་གསུང་བཤད་ཡོད་པ་དང་། དེ་མཚམས་བོད་ཀྱི་ཟློས་གར་ཚོགས་པས་བདེན་ཚིག་སྨོན་ལམ་གསུང་སྐུལ་གྱིས་དེར་འདུས་ཚང་མས་གདུང་ཤུགས་དྲག་པོས་གསོལ་འདེབས་སྨོན་ལམ་འུར་འདོན་གནང་ཡོད་པ་རེད།

ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འདིའི་ཐོག་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་དབུས་པའི་རྒྱུན་ལས་རྣམ་པ་དང་།  རྡ་ས་དང་། ཉེ་ཁུལ་གྱི་ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་མཉམ་ཞུགས་གནང་ཡོད་པ་མ་ཟད། ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། ནང་སྲིད་བཀའ་བློན། བདེ་སྲུང་བཀའ་བློན། འོས་བསྡུའི་སྤྱི་ཁྱབ་འགན་འཛིན། བོད་མི་སྒྲིག་འཛུགས་ཀྱི་དྲུང་ཆེ་རྣམ་པ་དང་ལས་བྱེད། དྷ་སའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་མི་སྣ། གྲྭ་བཙུན་སོགས་མི་གྲངས་ ༦༠༠ ཙམ་མཉམ་ཞུགས་གནང་ཡོད། །