ཆབ་སྲིད་འཐབ་ཇུས་ཐོག་སྐབས་བཅོ་ལྔ་པའི་སྤྱི་འཐུས་རྣམ་པའི་ནང་ཁུལ་ལྷན་འཛོམས།

བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་ཞུས་པའི་སྤྱི་འཐུས་ནང་ཁུལ་གྱི་ལྷན་འཛོམས་ཤིག་ཧ་རི་ཡ་ན་མངའ་སྡེའི་སུ་རཱཇ་ཀུནྡ་གྲོང་གི་རཱཇ་ཧན་གསོལ་མགྲོན་ཁང་ཆེན་མོར་དེ་རིང་དངོས་སུ་ཚུགས་ཡོད་པ་དང་། ལྷན་འཛོམས་དེ་ཕྱི་ལོ་༢༠༡༡ ཟླ་༡༡ ཚེས་༡༨ ནས་ཚེས་ ༢༡ བར་གནང་འཆར་ཡོད་འདུག་པ་དང་། སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་གྱིས་གཙོས་པའི་སྤྱི་འཐུས་གྲངས་ ༢༠ ཙམ་ཞིག་མཉམ་ཞུགས་གནང་ཡོད།

 

འདི་ཟླའི་ཚེས་ ༡༨ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤་༣༠ སྟེང་། ལྷན་འཛོམས་ཀྱི་དབུ་འབྱེད་མཛད་སྒོ་ཚུགས་ཏེ། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ནས་ཚོགས་ཕེབས་པ་ཚོར་འཚམས་འདྲི་དང་བཅས་ལྷན་འཛོམས་རིང་གི་གནང་སྒོ་ཁག་ངོ་སྤྲོད་གྲུབ་མཚམས། སྤྱི་འཐུས་ཚོགས་གཙོ་མཆོག་ནས་དབུ་འབྱེད་གསུང་བཤད་དང་། FNF ལྷོ་ཨེ་ཤ་ཡའི་འགན་འཛིན་གྱིས་ལྷན་འཛོམས་ཀྱི་རེ་དམིགས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་སྟེ་མཛད་སྒོ་གྲུབ་ཡོད་པ་དང་། སང་ཕྱི་ཚེས་ ༡༩ ནས་ཉིན་གསུམ་རིང་ཆབ་སྲིད་ཀྱི་འཐབ་ཇུས་དང་འབྲེལ་བའི་བརྗོད་གཞི་ ༡༦ ཐོག་སྤྱི་འཐུས་རྣམ་པའི་ནང་ཁུལ་ལྷན་འཛོམས་དངོས་སུ་འགོ་འཛུགས་གནང་རྒྱུ་ཡིན་པ་དང་། ལྷན་འཛོམས་སུ་ད་དུང་རྒྱ་གར་གྱི་མཁས་དབང་ཁག་ཅིག་གདན་ཞུས་ཀྱིས་བགྲོ་གླེང་གནང་འཆར་ཡོད་པ་རེད།

སྤྱི་འཐུས་རྣམ་པ་ཚེས་ ༡༧ ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས་ད་ནངས་ལྡི་ལིར་འབྱོར་འཕྲལ། FNA ཐེབས་རྩ་ཁང་གིས་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་གོ་སྒྲིག་བྱས་པའི་རྒྱུགས་ཆུའི་ཐད་ཨེ་ཤ་ཡའི་མཐོང་ཚུལ་དང་མ་འོངས་པའི་གདོང་ལེན་ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་བགྲོ་གླེང་ལྷན་ཚོགས་སུ་ཕེབས་ཞུགས་གནང་ཡོད་པ་དང་། ལྷན་ཚོགས་དེར་རྒྱ་ནག་སྐམ་ས་ཆེན་མོ་ཐེ་བའི་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ཡུ་རོབ། ཨོ་སི་ཀྲི་ལི་ཡ་སོགས་ནས་ཆེད་མཁས་པ་མི་ཉུང་བ་ཞིག་ཕེབས་ཡོད་པ་དང་། ཕྱི་འབྲེལ་དྲུང་ཆེ་གཉིས་ཀྱང་མཉམ་ཞུགས་གནང་ཡོད་པ་རེད། །