གྷོ་ཝར་སྤྱི་འཐུས་ས་བགོས་ཕྱོགས་བསྐྱོད་ཕེབས་པ་དང་འབྲེལ་ཐེངས་འདིའི་ལས་རིམ་ཡོངས་སུ་མཇུག་བསྒྲིལ་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་ཕྱི་མའི་ནང་མང་ཚོགས་ལ་ཆབ་སྲིད་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་དང་། གྷོ་ཝ་བཅས་སུ་ཕྱོགས་བསྐྱོད་གནང་རྒྱུའི་ལས་རིམ་ཡོད་པ་ལྟར། མོན་གྷོར་ལས་རིམ་ལེགས་པར་གྲུབ་རྗེས་ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༠ སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་མོན་གྷོ་གཞིས་ཆགས་ནས་ཕེབས་ཐོན་སྐབས་ས་འཐུས་ཚོགས་གཙོ་དང་། ས་གནས་འགོ་འཛིན་རྣམ་གཉིས་ཀྱིས་ཕེབས་སྐྱེལ་ཞུས་ཤིང་།

ཕྱི་དྲོ་ཆུ་ཚོད་ ༢།༤༠ ཐོག་གྷོ་ཝར་བཞུགས་གནས་མགྲོན་ཁང་དུ་འབྱོར་སྐབས་ཀ་ལན་གྷཊ་ (Calangute) དང་བྷ་གྷ་ (Baga) བོད་མིའི་ཁྲོམ་ཚོང་སྐྱིད་སྡུག་གི་འཐུས་མི་བཀྲ་ཤིས་རབ་བརྟན་ལགས་དང་། བསོད་ནམས་དབང་མོ་ལགས། ཉི་མ་ཚེ་རིང་ལགས་བཅས་ནས་ཕེབས་བསུ་ཞུས་པ་དང་ལྷོ་སྤྱི་ལས་ཁུངས་ནས་བཀོད་མངགས་གནང་བའི་གྷོ་ཝའི་ལས་རིམ་སྐོར་སྙན་གསན་ཞུས།

༢༠༢༥ ཟླ་ ༤ ཚེས་ ༡༡ སྔ་དྲོ་ཆུ་ཚོད་ ༡༡།༤༥ ཐོག་གྷོ་ཝ་གཙུག་ལག་སློབ་གྲྭ་ཆེན་མོར་ (Goa University) ཆེད་ཕེབས་གནང་སྐབས་སློབ་དཔོན་ཆེན་མོ་སྐུ་ཞབས་ གྷ་ནིཤ་ སོམ་མའི་ཡ་ (Prof. Ganesh Sommaiya) མཆོག་གིས་ཕེབས་བསུ་དང་བཅས་སློབ་དཔོན་ཆེན་མོ་ལྕམ་སྐུ་ ཇོ་ན་ ཁོ་ལོ་ (Prof. Jonna Coelho) མཆོག་གི་སློབ་ཁྲིད་གནང་ཡུལ་སྡེ་ཚན་དུ་ཆེད་ཕེབས་གནང་རྗེས་སློབ་དཔོན་ཆེན་མོ་ གྷ་ནིཤ་མཆོག་གིས་བྱོན་པ་ལེགས་སོའི་གསུང་བཤད་དང་འབྲེལ་བོད་དོན་སྐོར་ལ་ཀུན་གྱིས་ཐུགས་སྣང་དགོས་པའི་སྐུལ་མ་ནན་པོ་གནང་།

གྷོ་ཝར་གནས་སྡོད་བོད་མི་རྒན་པ་ཚེ་དབང་ཆོས་འཕེལ་ལགས་ཀྱིས་སྤྱི་འཐུས་རྣམ་གཉིས་དང་བོད་མིའི་སྒྲིག་འཛུགས་སྐོར་ངོ་སྤྲོད་ཞུས་གནང་མཚམས་སྤྱི་འཐུས་རྣམ་གཉིས་ནས་༸གོང་ས་མཆོག་གི་མཛད་འཕྲིན་དང་། བཙན་བྱོལ་བོད་མིའི་མང་གཙོའི་སྒྲོམ་གཞི། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སོགས་བོད་དོན་གྱི་གོ་རྟོགས་སྤེལ་བ་དང་མ་འོངས་མི་རབས་གསར་པ་རྣམས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས།

སློབ་དཔོན་ཆེན་མོ་ ཇོ་ན་ ཁོ་ལོ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གྲུབ་མཚམས་ཁོང་གི་ལས་ཁུངས་སུ་ཆེད་ཕེབས་ཀྱིས་བོད་དོན་དང་འབྲེལ་བའི་གནས་ཚུལ་མང་པོ་དང་། གྷོ་ཝར་གནས་སྡོད་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་ཡོང་ཐབས་སྐོར་སོགས་གནད་དོན་མང་པོའི་ཐོག་ནང་མོལ་ལྷུག་པོ་གནང་། སློབ་དཔོན་ ཇོ་ན་མཆོག་ནི་བོད་དོན་སྐོར་ལ་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་དང་རྒྱུན་དུ་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་འདུག སྐབས་དེར་ཚེ་དབང་ཆོས་འཕེལ་ལགས་དང་། ཀ་ལན་གྷཊ་ཁྲོམ་ཚོང་འཐུས་མི་བཀྲ་ཤིས་རབ་བརྟན་ལགས། བསོད་ནམས་དབང་མོ་ལགས་བཅས་ལྷན་བཅར་ཞུས།

ཕྱི་དྲོ་ཆུ་ཚོད་ ༣།༢༥ ཐོག་ཀ་ལན་གྷཊ་དང་། བྷ་གྷ་བོད་མིའི་ཁྲོམ་ཚོང་བ་རྣམས་དང་ལྷན་འཛོམས་སྐབས་ཚེ་རིང་ཆོས་འཕེལ་ལགས་ཀྱིས་བོད་མི་ཁྲོམ་ཚོང་བ་རྣམས་ཀྱི་ལོ་རྒྱུས་སྙིང་བསྡུས་སྙན་སྒྲོན་དང་བྱོན་པ་ལེགས་སོའི་གསུང་བཤད་གནང་།

སྤྱི་འཐུས་རྣམ་གཉིས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། བོད་མི་རྣམས་ས་ཕྱོགས་ག་འདྲ་ཞིག་ཏུ་འཐོར་ནའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་ཡ་རབས་བཟང་སྤྱོད་མ་དོར་བའི་ཐོག་ནས་བོད་མི་མི་རེ་ངོ་རེའི་བོད་ཀྱི་ཡུལ་མིའི་ལས་འགན་ཁུར་ཕྱོགས། ས་གནས་ཡུལ་མི་དང་མཐུན་ལམ་གནང་ཕྱོགས། བོད་ཀྱི་ཆོས་དང་རིག་གཞུང་བདག་པོ་བསྐྱོན་ཕྱོགས་སོགས་ཀྱི་སྐོར་ལ་ལམ་སྟོན་ཞིབ་གསལ་གནང་རྗེས།

ཆོས་འཕེལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུ་དང་འབྲེལ་གྷོ་ཝར་གནས་སྡོད་བོད་མི་རྣམས་མང་ཉུང་ལ་མ་ལྟོས་པར་ནང་ཁུལ་ཕྱོགས་རེས་འཐེན་འཁྱེར་མེད་པ་ཉམ་ཆུང་ཡ་རབས་ཚུལ་མཐུན་གྱིས་བོད་དོན་དང་འབྲེལ་བའི་ལས་འགུལ་སོགས་གང་ཐུབ་སྤེལ་བཞིན་ཡོད་སྐོར་སྙན་གསན་ཞུས།

༢༠༢༥ ཟླ་ ༤ ཚེས་ ༡༢ གུང་ཡོལ་ཆུ་ཚོད་ ༢།༣༠ ཐོག་སྤྱི་འཐུས་རྣམ་གཉིས་ཝས་ཁོ་(Vasco) བོད་མིའི་ཁྲོམ་སར་ཕེབས་འབྱོར་སྐབས་ས་གནས་བོད་མིའི་ཁྲོམ་ཚོང་བ་ཀརྨ་ཡེ་ཤེས་ལགས་དང་། དབང་རྒྱལ་ལགས་གཉིས་གཙོས་དེར་སྡོད་བོད་མི་རྣམས་ཀྱིས་ཕེབས་བསུ་ཞུས་པ་དང་། ཁྲོམ་སར་གཟིགས་སྐོར་གྲུབ་རྗེས་བོད་མི་རྣམས་ལ་བླང་དོར་ལམ་སྟོན་གྱི་བཀའ་སློབ་གནང་བ་མ་ཟད། བོད་དོན་དང་འབྲེལ་བའི་ནང་མོལ་ཞིབ་ལྷུག་བྱུང་བ་བཅས་ཀྱིས་སྐབས་འདིའི་སྤྱི་འཐུས་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཡོངས་སུ་མཇུག་བསྒྲིལ་གནང་ཡོད་པ་བཅས།