
༄༅། ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༧སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩིའི་སླད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༤ པའི་ཚེས་ ༡༦ ཉིན་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭར་ ‘སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་བོད་མིའི་མང་གཙོ།’ ཞེས་པའི་བརྗོད་གཞིའི་ཐོག་པར་རིགས་འགྲེམས་སྟོན་ཞིག་གནང་ཡོད་པ་རེད།

དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་དེ་གའི་དགེ་ལས་སློབ་ཕྲུག་ཚང་འཛོམས་ཐོག གྷོ་པལ་པུར་བོད་ཁྱིམ་སློབ་གྲྭའི་དགེ་ཆེ་ཟླ་བ་རྒྱ་མཚོ་ལགས་ཀྱིས་མཆོད་མེ་ཞལ་འབྱེད་ཀྱིས་ཐོག་མར་འགྲེམས་སྟོན་དབུ་འབྱེད་གནང་བ་དང་། དེ་ནས་ཕྱི་དྲོ་ཆུ་ཚོད་ ༤།༠༠ བར་དེ་གའི་སློབ་ཕྲུག་རྣམས་ལ་པར་རིགས་འགྲེམས་སྟོན་ངོ་སྤྲོད་གནང་ཡོད་ཅིང་། འགྲེམས་སྟོན་ཐོག་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ཆེད་བཅར་ལས་བྱེད་རྣམས་ནས་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ཁྱོན་ ༤༥༠ ལྷག་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་སྐོར་ལ་ཞིབ་ཕྲ་ངོ་སྤྲོད་གནང་ཐུབ་ཡོད།

འགྲེམས་སྟོན་ཐོག་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་ཆོས་དབྱིངས་ལགས་དང་། ཆོས་གྲགས་ལགས། བསྟན་འཛིན་སྨོན་སྐྱིད་ལགས། ཆོས་དབྱིངས་རང་གྲོལ་ལགས་བཅས་ཆེད་བཅར་གནང་ཡོད་པ་བཅས།
