གསུམ་བཅུའི་དུས་དྲན་ཐེངས་ ༦༥ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །དེ་རིང་ནི་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཆོལ་གསུམ་རྒྱ་ཆེའི་མང་ཚོགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་སྒེར་ལངས་བྱས་ཏེ་མི་ལོ་ཧྲིལ་པོ་ ༦༥ འཁོར་བའི་གངས་ཅན་བོད་མི་རྣམས་ཀྱིས་མི་ཐོག་ནས་མི་ཐོག་བརྗེེད་དཀའ་བའི་ལོ་རྒྱུས་རང་བཞིན་ལྡན་པའི་དུས་ཚིགས་གལ་གནད་ཅན་གཅིག་དང་། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཡོངས་སུ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་ཉིན་མོ་ཞིག་ཀྱང་ཆགས་ཡོད་པས། ད་བར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རྒྱ་གཞུང་གི་བཙན་དབང་དང་། གཉའ་གནོན་སྡུག་སྦྱོང་འོག་དུས་མིན་རྐྱེན་འདས་སུ་སོང་བ་རྣམས་དང་། ད་ལྟའང་མནར་གཅོད་མྱངས་དང་མྱོང་བཞིན་པའི་རང་རིགས་སྤུན་ཟླ་རྣམས་ཀྱི་ལྷག་བསམ་དང་། སྙིང་སྟོབས། བློས་གཏོང་བཅས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཡི་རངས་བསྔགས་བརྗོད་དང་། ཁོང་རྣམ་པའི་མཛད་རྗེས་ཡིད་ལ་དྲན་པའི་ཐོག་ནས་གདུང་སེམས་མཉམ་སྐྱེད་དང་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན།

ཕྱི་ལོ་ ༡༩༤༩ ཟླ་ ༡༠ ཚེས་ ༡ ཉིན་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་གསར་འཛུགས་བྱས་པ་ནས་བཟུང་བོད་ས་བཅིངས་དཀྲོལ་གཏོང་རྒྱུའི་མིང་འདོགས་འོག་བོད་ནང་བཙན་འཛུལ་བྱེད་འགོ་བཙུགས་པ་དང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་དགུང་གྲངས་ ༡༦ ལས་སོན་མེད་ཀྱང་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་རྗེས་བོད་འདི་ཞི་བདེ་དང་མི་མང་གི་ཚེ་སྲོག་སྲུང་སྐྱོབ་བཅས་ཀྱི་ཆེད་ལོ་ངོ་དགུ་ལྷག་ཙམ་རིང་ཞི་འགྲིག་ཡོང་ཐབས་གཙོ་བཟུང་གནང་། ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཙན་དབང་འོག་བཞག་བཅུག་ནས་རིམ་པས་རྒྱ་གཞུང་རང་ངོས་ནས་བཙན་བཀའ་བཏང་བའི་དོན་ཚན་ཁག་རྩིས་མེད་རྡོག་རོལ་བཏང་བ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཕྱྭར་བསྡོ་བའི་ངན་བྱུས་བཅས་ཀྱི་གདོང་རིས་ངོ་མ་དམར་རྗེན་མངོན་གསལ་དུ་མཐོང་རྐྱེན་བོད་རྒྱ་ཆེའི་མང་ཚོགས་བཟོད་ཐབས་བྲལ་ནས་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་སྒེར་ལངས་ཆེན་པོ་དེ་བྱུང་། རྒྱ་ནག་དམར་གཞུང་གི་བོད་ནང་དྲག་ཤུགས་བཙན་གནོན་རྒྱ་ཆེ་བྱས་རྐྱེན་མཐར་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་ཁྲི་ཚོ་བརྒྱད་ཙམ་རྒྱ་གར་ནང་བཙན་བྱོལ་དུ་གྱར་དགོས་བྱུང་ཡོད།

རྒྱ་ནག་དམར་གཞུང་གིས་བོད་ནང་བཙན་འཛུལ་བྱས་ནས་ད་བར་མི་ལོ་ ༧༠ ལྷག་འགྲོ་བཞིན་པའི་རིང་བོད་མི་ས་ཡ་བརྒལ་བ་དུས་མིན་རྐྱེན་འདས་སུ་བཏང་བ་དང་། དགོན་པ་སྟོང་ཕྲག་མང་པོ་རྩ་གཏོར། བོད་ཀྱི་སྣོད་བཅུད་རྣམས་གཏོར་བཅོམ་བྱེད་བཞིན་པ་མ་ཟད། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་གཏོང་རྒྱུའི་ངན་བྱུས་རྒྱུན་ཆད་མེད་པ་བཤམས་ཏེ། བོད་རྒྱལ་ཁབ་ཀྱི་བདག་པོ་བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་རང་དབང་ཚུན་བཙན་འཕྲོག་བྱས་ཏེ་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མི་རྣམས་ཀྱིས་དམྱལ་བ་མི་ཡུལ་དུ་སླེབས་པ་ལྟ་བུའི་སྡུག་སྦྱོང་ཚད་མེད་མྱངས་དང་མྱོང་བཞིན་པའི་གནས་སྟངས་ཆེས་ཛ་དྲག་ཐོག་གནས་ཡོད་པའི་བདེན་དཔང་ནི། ཕྱི་ལོ་ ༢༠༠༨ ལོར་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་གྱུར་བའི་བོད་ཆོལ་ཁ་གསུམ་གྱི་ནང་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་སྤེལ་བར་རྒྱ་དམར་གྱི་དྲག་པོའི་དམག་དཔུང་གིས་གོ་མཚོན་བེད་སྤྱོད་བཏང་སྟེ་རྡུང་རྡེག་ཚབས་ཆེ་བཏང་རྐྱེན་བོད་མི་སེར་སྐྱ་ཕོ་མོ་མང་པོའི་སྐུ་སྲོག་ཤོར་ཡོད་པ་དང་། དེ་བཞིན་རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བཟོད་བསྲན་ཐུབ་ཐབས་བྲལ་ཏེ་བོད་མི་རྣམས་འ་ཆད་འུ་ཐུག་གིས་ཕྱི་ལོ་ ༢༠༠༩ ནས་ད་བར་ཤེས་རྟོགས་ར་འཕྲོད་གསལ་པོ་བྱུང་བ་བོད་མི་གྲངས་ ༡༥༧ གྱིས་རང་ལུས་མེར་བསྲེགས་གཏོང་དགོས་བྱུང་ཡོད་ནའང་། རྒྱ་ནག་གི་འགོ་ཁྲིད་ཚོས་བོད་མིའི་བདེ་སྡུག་ལ་བསམ་ཞིབ་བྱ་རྒྱུ་ལས་ལྡོག་སྟེ། གདུག་རྩུབ་ཆེ་བའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དེ་དག་དམ་འཛིན་ཆེ་རུ་གཏོང་བཞིན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནང་ཡར་རྒྱས་ནི་འགྲོ་བ་མིའི་ཐོབ་ཐང་ཡིན་ཚུལ་གྱིས་བོད་ནང་ཡར་རྒྱས་དང་བདེ་སྐྱིད་ཡོད་ལུགས་རྫུན་གཏམ་ཁོ་ན་ཁྱབ་སྤེལ་བྱས་ཏེ་རྒྱལ་སྤྱིའི་གཞུང་དང་མི་མང་རྣམས་མགོ་སྐོར་བསླུ་བྲིད་ཀྱིས་དངོས་ཡོད་ཛ་དྲག་གནས་སྟངས་སྦས་འགེབས་བྱེད་བཞིན་ཡོད།

བོད་ས་ཁྱོན་ཡོངས་སུ་རྒྱལ་ཁབ་བདེ་འཇགས་དང་བརྟན་ལྷིང་གི་འབོད་སྒྲའི་འོག་ཆོལ་གསུམ་བོད་མི་སྤྱི་དང་བྱེ་བྲག་ཏུ་བོད་མི་རིགས་ཀྱི་རིག་གནས་དང་གོམས་གཤིས། ཁོར་ཡུག་བཅས་ལ་འགན་ཁུར་གནང་མཁན་བླ་སྤྲུལ་དགེ་བཤེས་དང་གྲྭ་བཙུན། རྩོམ་པ་པོ་དང་སྒྱུ་རྩལ་བ། ཁོར་ཡུག་སྲུང་སྐྱོབ་པ། དགེ་རྒན་སོགས་མང་པོ་འཛིན་བཟུང་བཙོན་བཅུག་དང་། རིགས་གཅིག་གར་སོང་ཆ་མེད་ཀྱིས་ལོ་དང་ཟླ་གྲངས་མང་པོར་ཕ་མ་སྤུན་མཆེད་རྣམས་ཀྱིས་གར་ཡོད་མ་ཤེས་པའི་གནས་སྟངས་བྱུང་ཡོད་པ་མ་ཟད། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་རྟོག་ཞིབ་པས་བོད་ཀྱི་བྱིས་པ་ས་ཡ་གཅིག་ལྷག་ཙམ་སོ་སོའི་ཕ་མ་དང་ཁ་བཀྲལ་ནས་གཏན་འཇགས་སློབ་གྲྭར་སྡེབ་བཅུག་གིས་བོད་ཀྱི་རིག་གཞུང་དང་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བཀག་སྡོམ་བཅས་བྱས་པ་བརྒྱུད། མི་རིགས་གཅིག་དང་། རིག་གནས་གཅིག ཆོས་ལུགས་གཅིག སྐད་ཡིག་གཅིག་གི་སྲིད་བྱུས་མངོོན་གསལ་གྱི་ཐོག་ནས་བོད་མིར་བཙན་འགེལ་དང་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། བོད་མིར་བཙན་ཤེད་ཀྱིས་འདོད་མོས་མེད་པར་བོད་ཀྱི་ན་ཆུང་བྱིས་པ་ཚུན་གྱི་རིགས་རྫས་བསྡུ་ལེན་གྱི་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་བཞིན་ཡོད།

ཉེ་བའི་ཆར་ཇེ་ནི་ཝར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་དུས་བཀག་བསྐྱར་ཞིབ་ཀྱི་ཚོགས་འདུའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཁག་གིས་བཏོན་པའི་གྲོས་འཆར་ཁག་ནང་། རྒྱ་གཞུང་ནས་བོད་ཀྱི་ངོ་བོ་ལ་གནོད་པའི་མི་རིགས་འདྲེས་སྦྱོར་གྱི་བྱ་སྤྱོད་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་བརྡ་ལན་བཏང་དགོས་ཆགས་ཡོད། དེ་བཞིན་རང་དབང་ཁང་པའི་ ༢༠༢༤ ལོའི་ཕྱི་ཟླ་ ༢ ཚེས་ ༢༩ ཉིན་ཐོན་པའི་སྙན་ཐོའི་ (Freedom House 2024 Report) ནང་བོད་ནང་གི་ཆབ་སྲིད་ཐོབ་ཐང་དང་སྤྱི་ཚོགས་རང་དབང་གི་བརྒྱ་ཆ་ཀླད་ཀོར་བཏོན་ཡོད་པ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད་པ་མངོན་གསལ་རེད།

ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༡༤ ནས་བཟུང་བོད་ནང་ཛ་དྲག་གི་གནས་ཚུལ་འབྱུང་བཞིན་པ་ཞིག་ནི། ཁམས་སྡེ་དགེའི་ནང་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ཕ་མེས་ནས་གནས་བཞིན་པའི་གྲོང་ཚོ་དང་གནའ་རབས་ཀྱི་དགོན་པ་ཡོད་སར་གློག་ཁང་ཆེ་གྲས་གསར་རྒྱག་གི་ལས་གཞི་སྤེལ་ཆེད་རྒྱ་ནག་གཞུང་གིས་འབྲི་ཆུའི་བཞུར་རྒྱུན་དུ་སྐམ་ཐོག་ཆུ་མཛོད་འཛུགས་སྐྲུན་ལས་གཞི་འདིས་རྐྱེན་པས་འབྲི་ཆུ་ཤར་རྒྱུད་ཀྱི་གྲོང་ཚོ་བཅུ་གཉིས་ཙམ་དང་། འབྲི་ཆུ་ནུབ་རྒྱུད་ཀྱི་གྲོང་ཚོ་མང་པོ་ཞིག་གི་མི་གྲངས་སྟོང་ཕྲག་མང་པོ་ཞིག་བཙན་དབང་གིས་གནས་སྤོ་དང་། ལོ་རྒྱུས་ཡུན་རིང་ལྡན་ཞིང་སྐུ་གདུང་རྩ་ཆེན་རིགས་དང་གནའ་རབས་ཀྱི་ལྡེབས་རིས་ཡོད་པའི་དབོན་སྟོད་དགོན་དང་། ཡེ་ན་དགོན། མཁར་མདོ་དགོན། རབ་བརྟན་དགོན། དགོན་གསར་དགོན། བཀྲ་ཤིས་དགོན། ལྷ་འབྲང་དགོན། འགིས་ཐོ་དགོན་བཅས་གཏོར་བཤིག་གཏོང་འཆར་ལ་ཁུལ་དེ་དག་ཏུ་གནས་སྡོད་བོད་མི་རྣམས་ནས་ཞི་བའི་འདུ་འཛོམས་དང་ཞུ་སྐུལ་བྱས་པར། གློ་བུར་དུ་ཉེན་རྟོག་པ་མང་པོ་ཞིག་བསླེབས་ཏེ་བོད་མི་གང་བྱུང་འཇུ་བཟུང་གཅར་རྡུང་བཏང་རྐྱེན་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད་པ་མ་ཟད། སེར་སྐྱ་མི་མང་སྟོང་ཕྲག་སྡེབས་ལ་འཛིན་བཟུང་བཙན་འཁྲིད་ཀྱིས་མི་མང་གི་འགྲོ་འདུག་ཐོག་དམ་དྲག་ཤུགས་ཆེ་བྱས་པ་སོགས་ཉེ་ཆར་བྱུང་བའི་ཛ་དྲག་གི་གནས་ཚུལ་རྒྱལ་སྤྱིའི་སྤྱི་ཚོགས་དྲྭ་ལམ་དང་གསར་འགྱུར་བརྒྱུད་ལམ་སོགས་སུ་གནས་ཚུལ་ཞིབ་གསལ་དཔང་རྟགས་དང་བཅས་པ་མཐོང་རྒྱུ་འདུག་པ་དེས། རྒྱ་གཞུང་གི་དབུས་དང་ས་གནས་ལས་བྱེད་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ནང་ངོ་གནོང་དགོས་པའི་གནས་ཚུལ་ཆགས་ཡོད་པས་མ་ཚད། རྒྱ་ནག་གཞུང་གིས་བོད་ཀྱི་ཕྱི་སྣོད་ཁོར་ཡུག་ལ་གཏོར་སྐྱོན་དང་། བོད་མི་རིགས་ལ་མནར་གཅོད་གཏོང་མཚམས་རྒྱུན་ཆད་མེད་པའི་དངོས་ར་གསལ་པོ་འཕྲོད་ཡོད། སྡེ་དགེའི་ཞི་བའི་མི་མང་ཉེས་མེད་འཛིན་བཟུང་བྱས་པ་ཡོངས་རྫོགས་འཕྲལ་མར་གློད་བཀྲོལ་གཏོང་དགོས་པ་དང་། མི་མང་གི་རེ་འདུན་དང་མངོན་འདོད་ལ་གུས་བརྩི་བྱ་དགོས་པའི་རྒྱ་གཞུང་ལ་བརྡ་ལན་སྤྲོད་རྒྱུ་ཡིན།

རྒྱ་གར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་གིས་རྒྱལ་མཚམས་བརྒལ་བའི་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་རྣམས་ལ་དྲག་གནོན་དང་བསུན་གཙེར་གཏོང་ཤུགས་ཆེ་རུ་བཏང་ཡོད་པའི་སྙན་ཐོ་(Chinese Transnational Repression of Tibetan Diaspora Communities 2024) ཞིག་བཏོན་པའི་ནང་། རྒྱ་དམར་གྱི་གསང་ཉུལ་བས་བོད་ནང་གི་བོད་མི་དང་རང་དབང་ལུང་པའི་ནང་ཡོད་པའི་སྤུན་ཟླའི་དབར་འབྲེལ་བ་ཧ་ཅང་དཀའ་ལས་ཁག་ཏུ་བཏང་སྟེ་འབྲེལ་མཐུད་མི་ཐུབ་པ་བཟོ་རྒྱུའི་ལས་གཞི་ངན་ཤོམ་བྱེད་བཞིན་པ་དང་། བཙན་བྱོལ་བོད་མིའི་སྒེར་གྱི་གྲངས་ཐོ་བསྡུ་རུབ་བྱས་ཏེ་དེའི་ནང་སིམ་འཛུལ་གྱིས་གནས་ལུགས་འཁྱོག་བཤད་ཁྱབ་སྤེལ་བྱ་ཐབས།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་སོགས་ལ་འགྲོ་མི་ཆོག་པའི་བཙན་བཀའ་བཏང་བ་བཅས་བོད་མིའི་སེམས་ཁམས་ལ་དོ་ཕོག་ཆེན་པོ་གཏོང་བཞིན་པའི་ཉམས་ཞིབ་སྙན་ཐོ་ཡང་ཐོན་ཡོད་ལ། དེ་བཞིན་ཨིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་ (Tibet Watch) ནས་ ༢༠༢༣ ཟླ་ ༩ ཚེས་ ༦ ཉིན་གནས་ཚུལ་ཕོན་ཆེན་བསྡུ་རུབ་ཀྱིས་བོད་ནང་དྲྭ་རྒྱ་བརྒྱུད་བོད་ཡུལ་ཀུན་ཏུ་ལྟ་སྲུང་ཞེས་པའི་ཞིབ་འཇུག་སྙན་ཐོའི་ནང (Weaponising big data; Decoding Chinese Digital Surveillance in Tibet) རྒྱ་ནག་གི་མཉེན་ཆས་(APP) “རྒྱལ་ཁབ་ཁ་བསླུས་ངོ་རྒོལ་ལྟེ་གནས་” ཞེས་པ་ཁྱབ་གདལ་དུ་བཏང་ནས་བོད་མི་ཚོར་བཙན་དབང་གི་མཉེན་ཆས་དེ་རིགས་ལག་ཐོག་ཁ་པར་ནང་བཙན་བཅུག་གིས་བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་འགྱུར་བ་ཐེབས་གཞི་ཙམ་མ་ཟད། མཉེན་ཆས་དེས་བོད་མིའི་སྒེར་གྱི་གནས་ཚུལ་དང་བྱ་སྤྱོད་ལ་གསང་ཉུལ་གྱིས་སྒེར་གྱི་གོ་ཡུལ་དང་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་འདུག་པར་གཞིགས་ཚེ། རྒྱ་ནག་དམར་གཞུང་གི་འགོ་ཁྲིད་ཚོས་བོད་ནང་བཙན་འོག་ཏུ་ཡོད་པའི་བོད་མི་ཙམ་མ་ཟད། བོད་ཀྱི་ཕྱི་ལོགས་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོར་ཡང་སྡིགས་ར་དང་བསུན་གཙེར་བཟོ་བཞིན་ཡོད་པའི་དངོས་ར་འཕྲོད་ཡོད་པ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཤེས་རྟོགས་ཡོད་ངེས་ལྟར་དེ་དག་འགོག་ཐབས་དགོས་པའི་སྐུལ་འདེབས་ཞུ་རྒྱུ་ཡིན།

བོད་དེ་ལོ་རྒྱུས་ཐོག་ནས་རང་དབང་རང་བཙན་གྱི་རྒྱལ་ཁབ་གཅིག་ཡིན་ལ། བོད་དེ་རྒྱ་ནག་དམར་གཞུང་གིས་འདས་ལོ་དྲུག་ཅུ་ལྷག་རིང་ཁྲིམས་འགལ་གྱིས་ཧམ་བཟུང་འོག་ཚུད་པ་ཞིག་ཡིན། རྒྱ་ནག་དམར་གཞུང་གིས་བོད་དེ་གནའ་སྔ་མོ་ནས་རྒྱ་ཁོངས་ཡིན་ཁུལ་དང་རྒྱལ་སྤྱིའི་ཁྱོན་ཡོངས་སུ་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ཁས་ལེན་དགོས་པའི་མགོ་སྐོར་བཏང་དང་གཏོང་བཞིན་ཡོད་ཀྱང་། དུས་རབས་ཉེར་གཅིག་པའི་འཛམ་གླིང་མི་མང་རྣམས་བསླུ་བྲིད་བྱ་སྤྱོད་དེའི་འོག་ཚུད་ཐབས་མེད་པ་རྒྱ་ནག་གི་དཔོན་རིགས་ཚོས་ངེས་པར་དུ་ཤེས་དགོས། བོད་མིའི་སྒྲིག་འཛུགས་ཀྱིས་འདས་པའི་མི་ལོ་བཅུ་ཕྲག་འགའ་རིང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་བའི་ཐབས་ལམ་བསྟེན་ཡོད་པ་མ་ཟད། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་བསམ་འཆར་ཡང་རྒྱ་གཞུང་ལ་སྤྲད་ཟིན་ཡང་རྒྱ་གཞུང་ནས་ད་བར་འགན་ཁུར་ཇི་བཞིན་མ་བླངས་པའི་ཉེར་ལེན་ལས་ལག་པ་གཅིག་གིས་ཟློག་པ་མི་ཐེབས་པའི་དཔེ་བཞིན་རྒྱ་གཞུང་གི་དཔོན་རིགས་ཚོའི་བྱེད་བབ་ལ་རག་ལས་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ལོ་མང་སྐུ་ལས་བསྐྱོན་པའི་ཐུགས་རྗེའི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ད་བར་རྒྱལ་སྤྱིའི་གཞུང་དང་མི་མང་སོགས་ཀྱིས་བོད་དང་བོད་མིར་ཚད་མཐོའི་རྒྱབ་སྐྱོར་གནང་བཞིན་པ་ལྟར། འདི་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༡༥ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ ༼Promoting a Resolution to the Tibet-China Dispute Act (HR 533)༽ ལ་ཆབ་སྲིད་ཚོགས་པ་གཉིས་ཀས་ཚད་མཐོའི་རྒྱབ་སྐྱོར་གྱིས་མང་མོས་ཀྱི་ཐོག་ནས་གཏན་འབེབས་གནང་ཐུབ་པར་དགའ་བསུ་ཞུ་རྒྱུ་དང་། ཨ་རིའི་གྲོས་ཚོགས་ནང་གྲོས་འཆར་ངོ་སྤྲོད་གནང་མཁན་གྲོས་ཚོགས་འཐུས་མི་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་དང་། གྲོས་ཚོགས་འཐུས་མི་མེ་ཁལ་མེ་ཀོལ་ (Michael McCaul) མཆོག་རྣམ་གཉིས་དང་། གྲོས་འཆར་ལ་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་རྣམ་པ་བཅས་ཚང་མར་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན།

འདས་པའི་ལོ་ཤས་ནང་རྒྱལ་སྤྱིའི་ཐོག་རྒྱ་ནག་དམར་གཞུང་ལ་ཆ་འཇོག་བྱེད་མཁན་ཇེ་ཞན་ཇེ་ཉུང་དུ་འགྲོ་བཞིན་པ་མ་ཟད། རྒྱ་ནག་རྒྱལ་ཡོངས་སུ་ནང་ཁུལ་འཐབ་རྩོད་རྣོ་ངར་ཅན་མངོན་སུམ་དུ་མཐོང་རྒྱུ་ཡོད་ལ། དཔལ་འབྱོར་ཉམས་དམས་དང་། དེ་བཞིན་རྒྱ་ནག་ནང་ཁུལ་གྱི་ཁང་ཚོང་ལས་རིགས་སོགས་མ་རྩ་ཅན་མང་པོ་ཞིག་གི་ཚོང་ལས་བྱ་གཞག་ཉམས་རྒུད་དུ་སོང་བའམ་ཐ་ན་ཚོང་གི་མ་རྩ་བརྡིབས་ནས་ལས་མི་ཆེས་འབོར་ཆེན་ལས་ཤོར་གྱིས་ཡོང་འབབ་མེད་པའི་གནས་སུ་གྱར་ཡོད། མི་མང་གི་རྒྱུན་གཏན་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པས་མི་མང་ཚོ་ཡང་འུ་ཐུག་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། སྨྲ་བརྗོད་རང་དབང་གི་དབང་ཆ་ཅི་ཡང་མེད་པའི་སྤྱི་ཚོགས་ནང་ད་ཆ་ཕྱི་རོལ་གྱི་གྱང་རྩིག་ཐོག་གཞུང་དང་ཆེས་མཐོའི་དཔོན་རིགས་ལ་སྐྱོན་བརྗོད་ཀྱི་ཡིག་ཆེན་ཚགས་པར་འབྲི་མཁན་དང་སྦྱར་མཁན་སོགས་མངོན་སུམ་དུ་མཐོང་རྒྱུ་ཡོད་པ་སོགས་ད་ལྟའི་རྒྱ་ནག་དམར་ཤོག་ཚོགས་པས་འཛིན་པའི་གཞུང་འདི་ད་དུང་དུས་ཡུན་ཇི་ཙམ་ཁུངས་འཁྱོལ་ཐུབ་མིན་སུས་ཀྱང་ཚོད་དཔག་བྱེད་དཀའ་བས། གནས་བབས་དེ་འདྲའི་སྐབས་རང་རེ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱི་ནུས་པ་གཅིག་ཏུ་བསྒྲིལ་དགོས་པའི་དུས་ལ་བབ་ཡོད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་སྤྱིའི་ནང་དང་། དེ་བཞིན་རྒྱ་གར་གྱི་མངའ་སྡེ་མང་ཆེ་བའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཆ་བགོས་ཀྱིས་བོད་དོན་ངོ་སྤྲོད་དང་ཞུ་སྐུལ་ལས་འགུལ་སྤེལ་ཐུབ་པ་བྱུང་ཡོད། ད་དུང་མུ་མཐུད་འཛམ་གླིང་ས་ཕྱོགས་གང་སར་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་ཏེ་བོད་དོན་ཐོག་རྒྱབ་སྐྱོར་བ་ཇེ་མང་ཡོང་ཐབས་ལ་འབད་བརྩོན་ཞུ་རྒྱུ་ཡིན།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིང་ནས་ཐུགས་ལ་བརྣགས་པའི་དོན་གནད་གཅིག་བོད་མིའི་ཆབ་སྲིད་ཀྱི་འཛིན་སྐྱོང་གང་ཟག་གཅིག་ལ་བརྟེན་མི་དགོས་པར་བོད་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་དབང་ཆ་ཁྱབ་བསྒྱུར་གནང་བ་ལྟར། གྲོས་ཚོགས་ཚོགས་དུས་ལྔ་པའི་གྲོས་ཆོད་དགོངས་དོན་ཁྲིམས་སྒྲིག་བསྐྱར་ཞིབ་འཆར་ཟིན་ཚོགས་ཆུང་གིས་གྲུབ་དོན་སྙན་ཐོ་ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༢༨ ཉིན་ཚོགས་དྲུང་ལས་ཁུངས་སུ་ཕུལ་འབྱོར་ཡོད་པས། རིང་མིན་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་སྙན་ཐོ་སྙན་སྒྲོན་གྱིས་ཁྲིམས་ཡིག་གཏན་འབེབས་ཡོང་བར་གྲོས་ཚོགས་ནང་འགན་འཁུར་མཁན་ཚང་མས་རྣམ་དཔྱོད་རྩལ་དུ་བཏོན་ཏེ་དཀའ་སེལ་ཡོང་ཐུབ་པའི་རེ་བ་ཞུ་བཞིན་ཡོད།

བཙན་བྱོལ་དུ་གྱར་ནས་ལོ་ངོ་བཅུ་ཕྲག་དྲུག་ལྷག་སོང་བའི་དུས་ཡུན་རིང་བོད་དང་བོད་མིར་རྒྱབ་སྐྱོར་དང་མཐུན་རྐྱེན་སྦྱོར་སྤྲོད་གནང་མཁན་གནས་ཡུལ་རྒྱ་གར་དང་། ཨ་རི། ཡུ་རོབ་གཙོས་རྒྱལ་ཁབ་ཁག་གི་གཞུང་དང་མི་མང་། ཚོགས་སྡེ་སྒྲིག་འཛུགས་ཁག་དང་། མི་སྒེར་ཁག་བཅས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། རླབས་ཆེན་ཐུགས་ཀྱི་དགོངས་བཞེད་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པ་དང་། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་གང་མགྱོགས་ཤར་བའི་སྨོན་འདུན་དང་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༠ ལ།།