གནས་མཆོག་རྡོ་རྗེ་གདན་དུ་འབར་རྫས་གས་འཐོར་གྱི་དོན་རྐྱེན་ཐད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འབོད་བསྐུལ།

༄༅།  །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༧  རེས་གཟའ་ཉི་མའི་ཉིན་གྱི་ཞོགས་པའི་ཆུ་ཚོད་ ༥ དང་སྐར་མ་ ༡༥ ཡས་མས་ནས། རྒྱ་གར་བྷི་ཧར་མངའ་སྡེའི་ནང་ཡོད་པའི་ནང་པའི་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་ར་བའི་ནང་གི་བྱང་ཆུབ་ཤིང་གི་ཉེ་འཁྲིས་སོགས་དང་།  མཆོད་རྟེན་ཆེན་མོ་དང་ཐག་མི་རིང་བའི་སར་ཡོད་པའི་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེའི་བཞུགས་གནས་གཏེར་སྒར་དགོན་པ་དང་། ཉི་ཧོང་གིས་བཞེངས་པའི་སྟོན་པའི་སྐུ་བརྙན་གྱི་ཉེ་འགྲམ་སོགས་སུ་འབར་རྫས་གྲངས་ ༡༠ གས་འཐོར་བྱུང་ཡོད་པ་ལས། དགེ་འདུན་པ་གཉིས་ལ་རྨས་སྐྱོན་ཚབས་ཆེན་ཕོག་རྗེས་ཛ་དྲག་ཐོག་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད་འདུག མཆོད་རྟེན་རིན་པོ་ཆེ་དང་། རྟེན་གཙོ་ཐུབ་དབང་གི་སྐུ་བརྙན། ལྷ་ཁང་སོགས་ལ་གཏོར་སྐྱོན་ཆེན་པོ་བྱུང་མེད་རུང་འཚེ་མེད་ཞི་བའི་བསྟི་གནས་དེ་ལྟ་བུར་འབར་རྫས་གས་འཐོར་གྱི་གནས་ཚུལ་ཚབས་ཆེ་ཐོན་པ་ནི་ཆེས་བློ་ཕམ་དང་བརྗོད་དཀའ་བའི་གནས་ཤིག་ཡིན།

 

མ་འོངས་པར་དེ་རིགས་མི་འབྱུང་བའི་ཆེད་གནས་ཡུལ་དབུས་སའི་གཞུང་ནས་ཉེས་ཅན་བརྩད་ཞིབ་དང་། ནང་པའི་དགོན་གནས་ཁག་ལ་སྲུང་སྐྱོབ་དོ་ནན་ཞུ་དགོས་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་སྐུ་ཕྱྭའི་སྲུང་འདོམས་ལའང་ཞུ་སྒོ་སྔར་ལྷག་དགོས་པ་སོགས་རྒྱ་གར་སྲིད་བློན་མཆོག་དང་།  ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག  སྦི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་སོ་སོར་སྤྱི་ལྷན་ནས་སྙན་ཞུ་ཕུལ་ཡོད། དེ་བཞིན་ཆོས་བརྒྱུད་དབུ་འཁྲིད་བླ་ཆེན་ཁག་དང།  རང་རེའི་དགོན་གནས་སོགས་ཁུངས་སོ་སོའི་ཐོག་ནས་ཀྱང་སྔར་བས་རྫི་གསང་རྣོན་པོས་ཐུགས་སྣང་གཟབ་སྐྱེད་གནང་དགོས་པ་དང། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་རེས་ཀྱི་དོན་རྐྱེན་འདི་འབྲེལ་གསུང་འཕྲིན་ཕེབས་དོན་དང་། རྒྱུན་དུ་བཀའ་སློབ་ཕེབས་དང་ཕེབས་བཞིན་པ་ལྟར།  འགྲོ་བ་མིའི་རིན་ཐང་དང་། ཞི་བདེ་དང་འཚེ་བ་མེད་པ། ཆོས་ལུགས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་བྱེད་དགོས་པ་གལ་ཆེ་ཡིན་པས་སྤྱི་ཚོགས་སོ་སོའི་ནང་འགན་ཡོད་ཚང་མས་ལམ་སྟོན་དང་ཉམས་ལེན་གནང་དགོས་བཅས་ཀྱི་འབོད་བསྐུལ་ནན་ཏན་ཞུ་རྒྱུ།     བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༡ ལ།།