ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་དོན་དངོས་སུ་དབུ་འཛུགས་གནང་བ།

༄༅། ། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་གྲོས་ཆོད་ཨང་ ༢༠༢༣།༡༧།༥།༥ ཡིག་ཆ་ཨང་ ༣༣ པར་གསལ་བ་བཞིན། ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཆེད་ཚོགས་མི་ལྔ་ལས་གྲུབ་པའི་ཆེད་འཛུགས་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་དགོས་ཞེས་གསལ་བ་ལྟར། དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༨ ཉིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་ཀརྨ་དགེ་ལེགས་མཆོག སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་མཆོག་བཅས་ལ་བསྐོ་གཞག་བཀོད་ཁྱབ་གནང་བ་དང་། དེ་རིང་ཕྱི་ཚེས་ ༡༧ ཉིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་བཅས་དངོས་སུ་ལྷན་འཛོམས་དང་། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་མཆོག་ལ་དྲྭ་ལམ་ནས་གོ་བསྡུར་གྱིས་ཚོགས་ཆུང་གི་ཚོགས་གཙོར་སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་དང་། ཚོགས་དྲུང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་བསྐོ་གཞག་གནང་ཡོད།

ཉིན་རྒྱབ་ཚོགས་ཆུང་གི་ཚོགས་མི་རྣམས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོའི་སར་ཆེད་བཅར་གྱིས་ལས་དོན་བྱེད་ཕྱོགས་ཀྱི་ལམ་སྟོན་ཞུས་རྗེས། ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་གྱི་ལས་དོན་དངོས་སུ་འགོ་འཛུགས་གནང་ཡོད།

ཚོགས་གཙོ་སྦྲེལ་པོའི་བཀོད་ཁྱབ་ནང་། གྲོས་ཚོགས་ཚོགས་དུས་ལྔ་པའི་གྲོས་ཆོད་དགོངས་དོན་ལྟར་ཚོགས་ཆུང་དེས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་རང་སོར་གནས་ཐོག་ད་དུང་གསལ་ཁ་དགོས་ངེས་ཡོད་པར་བསྐྱར་བཅོས་ཇི་དགོས་དང་། དེ་འབྲེལ་ཁྲིམས་སྒྲིག་གཞན་ཁག་ལའང་བསྐྱར་བཅོས་ཇི་དགོས་བསྐྱར་ཞིབ་གནང་ནས་བསྐྱར་བཅོས་ཟིན་བྲིས་བཟོ་འགོད་གནང་ཕྱོགས་གོ་བསྡུར་གྱིས་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དང་འཆར་འབུལ་གྱི་ཟིན་བྲིས་བཅས་ཕྱི་ལོ་ ༢༠༢༤ ཟླ་ ༢ པའི་ཟླ་མཇུག་ཏུ་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཟིན་པ་དགོས་རྒྱུ་ཡིན་པ་བཅས། །