ཁམས་བྲག་འགོའི་དམར་གསོད་དོན་རྐྱེན་ཐད་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན། ཁམས་བྲག་འགོ་རྫོང་ཐོག་ཏུ་བོད་རིགས་ཕོན་ཆེ་འདུ་འཛོམས་ཐོག་བོད་ལ་རང་དབང་དགོས་ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས། རྒྱ་གཞུང་གིས་ཉེན་རྟོག་པས་མང་ཚོགས་ལ་མེ་མདའ་བརྒྱབ་སྟེ། མི་ཁ་ཤས་བསད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། གནས་ཚུལ་ཡོང་ཁུངས་གཞན་དུ་མི་དྲུག་བསད་ཡོད་པའི་གནས་ཚུལ་ཐོན་ཡོད། འདས་གྲོངས་ཕྱིན་པའི་མི་གཅིག་གི་མིང་ལ་ཡོན་ཏན་ཟེར་བ་དང་། མི་སྐྱ་ཡིན་འདུག་པ་ཙམ་ལས་ཞིབ་ཕྲའི་གནས་ཚུལ་ད་དུང་གསལ་ཁ་མི་འདུག་ལ། གཞན་རྣམས་ཀྱི་གནས་ཚུལ་ད་དུང་རག་སོན་མ་བྱུང་ཞིང་། ས་གནས་སུ་བོད་མི་བརྒྱ་ཕྲག་དུ་མ་འཛིན་བཟུང་བྱས་ཡོད་སྐད།

དེ་བཞིན་དུ་མདོ་སྨད་དྷི་ཚ་དགོན་པའི་དགེ་བཤེས་དགུང་ལོ་ ༤༧ ཅན་ཚུལ་ཁྲིམས་རྒྱ་མཚོ་ལགས་ཆབ་སྲིད་ལ་བསྙད་བཏགས་འཛིན་བཟུང་བཀག་བསྐྱིལ་སྐབས་གཅར་རྡུང་ཚོད་མེད་བཏང་སྟེ། རང་ཁྱིམ་དུ་གློད་གྲོལ་གྱིས་ཟླ་བ་གཉིས་རིང་སྨན་གཏུགས་ཅི་ཙམ་བྱས་ཀྱང་ནད་ངོ་མ་ཟིན་པར་ཕྱི་ཚེས་ ༢༢ ཉིན་གློ་བུར་རང་ཁྱིམ་དུ་དགོངས་པ་རྫོགས་འདུག

བྲག་འགོའི་དམར་གསོད་དོན་རྐྱེན་གྱི་དུས་ཚེས་ནི་རྒྱ་ནག་གི་དཔྱིད་གསར་དུས་ཆེན་ཏེ། ལོ་གསར་འཁེལ་ཡོད་པ་དང་། ཕྱི་ལོ་༢༠༠༩ ལོར་བོད་མི་གཅིག་དང་། ༢༠༡༡ ལོར་བོད་མི་ ༡༢ ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོའི་ཟླ་ངོ་ཁ་མ་གང་བའི་དུས་ཚོད་ནང་བོད་མི་བཞི་ཡིས་སྔ་རྗེས་སུ་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་ཕྱིན་ཡོད་ཅིང་། རྒྱ་ནག་རྒྱལ་ཡོངས་སུ་ལོ་གསར་གྱི་སྤྲོ་དགར་རོལ་བཞིན་པའི་སྐབས་འདིར། འགོ་ལོག་དར་ལག  རྔ་བ། བྲག་འགོ་སོགས་སུ་དྲག་ཆས་ཉེན་རྟོག་པ་དང་དམག་མིའི་དམ་དྲག་གིས་སྲོག་ནམ་འཕྲོག་མི་ཤེས་པའི་འཇིགས་དངངས་འོག་ལུས་ཡོད།

གང་ན་གཉའ་གནོན་ཡོད་ན། དེ་རུ་ངོ་རྒོལ་ཡོང་རྒྱུ་ཡིན་པ་ཆོས་ཉིད་ཡིན་ཞིང་། ད་ལྟའི་ཆར་རྒྱ་གཞུང་གི་བྱེད་བབ་ནི། འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་དང་། རྒྱ་ནག་གི་རྩ་ཁྲིམས་ལ་ལྟོས་མེད་ཀྱིས། དྲག་གནོན་འབུར་འཇོམས་བྱེད་རྐྱང་དང་། བོད་མི་ངོ་རྒོལ་བྱེད་མཁན་གང་ན་སུ་བྱུང་ལ་བསད་བཟུང་བྱེད་པ་མ་ཟད། ད་དུང་དེ་དག་གི་མི་གཤིས་ལ་དམའ་འབེབས་དང་། བསྙོན་འཛུགས་ཅི་རིགས་ཀྱིས་ཞི་རྒོལ་དོན་རྐྱེན་གྱི་ངོ་བོ་ཁ་བསྒྱུར་གྱི་བྱེད་སྟངས་སྐྱུག་བྲོ་བོ་ཞེ་ཅིག་རྩོམ་བཞིན་ཡོད།

ད་ནི་རྒྱ་གཞུང་གིས་ད་བར་ཞི་རྒོལ་ལས་འགུལ་རིམ་བྱུང་གི་འབྱུང་རྐྱེན་ལ་གཟུ་བོའི་སྒོ་ནས་བརྩད་ཞིབ་དང་། བོད་མིའི་ཁྲིམས་མཐུན་ལུགས་མཐུན་གྱི་དགོས་འདུན་ཁག་ལ་བསམ་ཞིབ་བྱ་རྒྱུའི་དུས་ལ་བབས་ཡོད་པ་དང་། དེའི་ཆེད་རྒྱལ་སྤྱིའི་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་པ་དང་གསར་འགོད་པ་སོགས་ས་གནས་སུ་དངོས་དོན་རྟོག་ཞིབ་ཏུ་འགྲོ་རུ་འཇུག་དགོས་པའི་འབོད་སྐུལ་ནན་ཏན་ཞུ་རྒྱུ་དང་།

རང་དབང་ཡུལ་གྲུའི་རྒྱལ་ཁབ་ཁག་ནས་རྒྱ་གཞུང་ལ་བོད་མིའི་ཐོག་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་དང་། རྒྱ་ནག་གི་རྩ་ཁྲིམས་སུ་འགན་ལེན་བྱས་པའི་ཐོབ་ཐང་ཁག་ལག་ལེན་དོན་འཁྱོལ་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་འབོད་བསྐུལ་ཤུགས་དྲག་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ལ།།