ཁམས་བྲག་མགོ་རུ་བོད་མི་ཞི་རྒོལ་བ་ཞིག་གིས་རང་སྲོག་བཅད་འདུག

ཕྱི་ལོ ༢༠༡༢ ཟླ ༣ ཚེས ༢༩ ཉིན་ཁམས་བྲག་མགོ་རུ་རང་ལོ་ ༢༥ ཡིན་པའི་མགོན་པོ་རིག་འཛིན། ཉེན་རྟོག་པས་འཇུ་བཟུང་བྱེད་པར་མ་བཟོད་ནས་རང་གིས་རང་ལ་གྲི་བཙུགས་ཏེ་འདས་གྲོངས་སུ་གྱུར་འདུག དེ་ཡང། མགོན་པོ་རིག་འཛིན་ཕྱི་ལོ ༢༠༡༢ ཟླ ༡ ཚེས ༢༣ ཉིན་སྟེ། རྒྱ་ནག་གི་དཔྱིད་གསར་དུ་ཆེན་གྱི་ཉིན་དང་པོར་བྲག་མགོ་རྫོང་ཐོག་ཏུ་བྱུང་བའི་བོད་མིའི་ཞི་རྒོལ་དུ་ཞུགས་ཡོད་པ་དང། སྐབས་དེར་ཉེན་རྟོག་པའི་འདྲ་པར་ནང་དུ་ཐེབས་ཡོད་པར་བརྟེན། ཉེན་རྟོག་པས་ཁོང་ཉིད་འཇུ་བཟུང་བྱ་ཕྱིར་བྲག་མགོ་རྫོང་སྲིད་གཞུང་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་སར་ཡོང་དགོས་པའི་ཉེན་བརྡ་ཐེངས་མང་བཏང་ཡོད་ན་ཡང།  ཁོང་གིས་ཁྱིམ་མི་རྣམས་ལ་རྒྱ་དམར་གཞུང་གི་ལག་ཏུ་ཐེབས་འཇུག་པ་ལས་རང་ཉིད་འཆི་ན་དགའ་བའི་སྐད་ཆ་བཤད་ཡོད། ཕྱི་ལོ ༢༠༡༢ ཟླ ༣ ཚེས ༢༩ ཉིན་བྲག་མགོ་རྫོང་གི་ཉེན་རྟོག་པས་ཁོང་འཇུ་བཟུང་བྱེད་པར་ཡོང་སྐབས། ཁོང་གིས་རྒྱ་དམར་གཞུང་གི་སྡུག་རྩུབ་ཀྱི་དྲག་སྤྱོད་ལ་མ་བཟོད་པར་རང་གིས་རང་ལ་གྲི་བཙུགས་ཏེ་འདས་གྲོངས་སུ་གྱུར་འདུག

མགོན་པོ་རིག་འཛིན་ནི། མདོ་ཁམས་ཏྲེ་ཧོར་བྲག་མགོ་རྫོང་གི་གཞི་མདའ་གྲོང་སྡེའི་ཉེ་འདབས་སུ་ཆགས་པའི་འཕྲང་བར་གྲོང་དུ་ཕ་རིག་པོ་དང་མ་ཡེ་ཤེས་སྒྲོལ་མ་གཉིས་སུ་སྐྱེས་ཤིང། གྲོང་པའི་ནང་གི་རྒན་གཞོན་ཚང་མས་ནམ་རྒྱུན་ཁོང་ཉིད་མི་ཡ་རབས་དང་། ཀུན་ལ་འཆམ་མཐུན་ལ་རྒྱ་ཅན་ཞིག་ཏུ་བརྩི་སྲོལ་ཡོད་པ་དང་ད་ལོར་རང་ལོ་ ༢༥ ལ་སོན་ཡོད་པ་རེད། གཞན་ཡང།  ཕྱི་ལོ ༢༠༡༢ ཟླ ༡ ཚེས ༢༣ ཉིན་བྲག་མགོའི་ཞི་རྒོལ་དུ་ཞུགས་ཏེ། དྲག་ཆས་ཉེན་རྟོག་དམག་མིའི་མེ་མདས་རྨས་པའི་བོད་མི་ཁག་གཅིག་རྒྱ་དམར་གཞུང་གི་འཇུ་བཟུང་གི་སྡུག་རྩུབ་ལ་དོགས་ནས། ཡར་མར་གྱི་སྨན་ཁང་དུ་འགྲོ་བསྐྱོད་བྱེད་མ་ཕོད་པར་སྨན་བཅོས་ཀྱི་མཐུན་རྐྱེན་གང་ཡང་མེད་པར་ལུས་ཡོད་པ་དང།  འགའ་ཞིག་གི་རྨ་ཁ་རུལ་ཏེ་གཟུགས་གཞིའི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད་པ་རེད། ད་དུང་ཞི་རྒོལ་དེ་བྱུང་བའི་རྗེས་ད་བར་མི་སུམ་ཅུ་ལྷག་ཙམ་འཇུ་བཟུང་བྱས་ཚར་ཡོད་པ་དང།  དེ་དག་གི་ཁྲོད་དུ་མི་འགའ་ཞིག་ལ་ལོ་གཅིག་དང་ཟླ་བ་བརྒྱད་ནས་ཚེ་བཙོན་བར་གྱི་ཁྲིམས་ཐག་བཅད་ཡོད། ཡང་འགའ་ཞིག་བྲག་མགོ་རྫོང་གི་བཙོན་ཁང་དུ་ཟླ་ཤས་རིང་བཙོན་འཇུག་བྱས་རྗེས་གློད་གྲོལ་བཏང་ཡོད་པ་དང། ཁོང་རྣམས་གློད་གྲོལ་གཏོང་སྐབས་མི་མང་རྣམས་ཀྱིས་ལམ་ཁའི་གཡས་གཡོན་དུ་བང་བསྒྲིགས་ཏེ་བསུ་མ་བྱས་ཡོད།

ཕྱོགས་གཞན་ཞིག་ནས་ལོ་ཤས་སྔོན་དུ་བྲག་མགོ་རྫོང་ཁོངས་ཀྱི་དགོན་སྡེ་ཁག་ཚང་མ་མཉམ་འབྲེལ་གྱིས། དགེ་བཅུའི་ཁྲིམས་ཟེར་བའི་ལམ་སྲོལ་བཟང་པོ་བཏོད་དེ། མི་མང་རྣམས་ལ་མི་སུ་ཡིན་རུང་དུད་འགྲོའི་ཚེ་སྲོག་ལ་དོན་མེད་གནོད་འཚེ་མི་གཏོང་བའི་འབོད་སྐུལ་ལན་མང་ཞུས་པ་ལྟར། རོང་འབྲོག་གཉིས་ཀས་སྒོ་ཕྱུགས་སེམས་ཅན་རྣམས་གསོན་བཤའ་མི་བྱེད་པའི་དམ་བཅའ་ཕུལ་ཏེ་ལོ་ཤས་འགྲོ་བཞིན་ཡོད་ན་ཡང། ད་ལོར་ཞི་རྒོལ་དེ་བྱུང་བའི་རྗེས་རྒྱ་དམར་གཞུང་ནས་སྐྱ་སེར་བར་གྱི་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་དེ་གཏོར་བཤིག་བྱ་ཕྱིར་དུ། དཔལ་འབྱོར་གྱིས་བསླུ་བྲིད་འཐེན་ཏེ་དགོན་སྡེ་ཁག་གི་གྲྭ་པ་རྣམས་ལ་ཟླ་རེར་རོགས་དངུལ་སྤྲོད་བཞིན་ཡོད་པ་དང། གྲོང་པ་འགའ་ཞིག་ལ་ཕག་པ་སྤྲད་དེ་གསོ་བཅུག་གི་ཡོད་པ་དང་། ཕག་པ་དེ་རྣམས་ལོ་གསར་སྐབས་ངེས་པར་དུ་བཤའ་དགོས་པའི་བཙན་བཀའ་བཏང་བར་མ་ཟད། གལ་ཏེ་མ་བཤའ་ཚེ་ཁྲིམས་ཆད་ནན་པོ་གཅོད་རྒྱུ་ཡིན་ལུགས་བཤད་ཡོད།

ཟླ་འདིའི་ཚེས ༧ ཉིན་གྱི་ཞོགས་པར་ཀྲུང་དབྱང་བརྙན་འཕྲིན(CCTV)ནང་དུ་བོད་མིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་སྟོན་སྐབས། བྲག་མགོའི་ཞི་རྒོལ་ཁྲོད་དུ་ཞུགས་པའིི་བོད་མི་ཁག་གཅིག་ལའང་ཁྲིམས་ཐག་བཅད་པའི་གནས་ཚུལ་བཤད་ཡོད་ཀྱང། མི་སུ་ཡིན་དང་ལོ་གྲངས་ཇི་ཙམ་བཙོན་འཇུག་བྱས་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་མེད།

བྲག་མགོ་ཛ་དྲག་ཚོགས་ཆུང་ནས་ཕུལ། ཁ་པར་ཨང་གྲངས། 8679862721  །