ཀོལ་ཀ་ཏར་བོད་དོན་ཞུ་སྐུལ་གྱི་ལས་དོན་མཇུག་བསྒྲིལ་བ།

རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ སཇ་དྷ་ ཨཧ་མེདྷ་ (Smt. Sajda Ahmed) མཆོག་དང་ལྷན།

 

༄༅། ། བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་བཅས་ནས་རྒྱ་གར་ནུབ་བྷེང་གྷལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཏར་བོད་དོན་ཞུ་སྐུལ་གྱི་ལས་དོན་མུ་མཐུད་བཞིན་པ་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༨ པའི་ཚེས་ ༡༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༠༠ ཐོག་ (TMC) སྲིད་དོན་ཚོགས་པའི་ཚོགས་མི་དང་། རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་སཇ་དྷ་ཨཧ་མེདྷ་ (Smt. Sajda Ahmed) མཆོག་མཇལ་འཕྲད་ཞུས་ཏེ་སྤྱི་ལྷན་གྱི་ཞུ་ཡིག་དང་། བོད་དོན་ཞུ་སྐུལ་གྱི་ཡིག་ཆ་རྣམས་ཕུལ་ནས་བོད་དོན་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མིར་མཉམ་ཞུགས་ཡོང་ཐབས་སོགས་ཞུས་པར། ལྕམ་སྐུ་ཁོང་གིས་བོད་དོན་སྐོར་ལ་དེ་སྔོན་ནས་དོ་སྣང་དང་རྒྱབ་སྐྱོར་ཡོད་གནས་དང་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་ཚུལ། མ་འོངས་པར་དགུན་ཁའི་གྲོས་ཚོགས་སྐབས་རྒྱལ་ས་ལྡི་ལིར་ཡང་བསྐྱར་མཇལ་འཕྲད་ཡོང་རྒྱུ་ཡིན་པ། གཞན་ཡང་སྲིད་དོན་ཚོགས་པའི་འགོ་ཁྲིད་གྲས་ཀྱི་གྲོས་ཚོགས་འཐུས་མི་ཁག་ལ་ཐུག་འཕྲད་བྱུང་ན་ལེགས་གནས་ཀྱི་ལམ་སྟོན་ཡང་གནང་ཡོད་འདུ

དགོང་མོ་ཆུ་ཚོད་ ༥།༠༠ ནས་ ༦།༣༠ བར་ནུབ་བྷེང་གྷལ་མངའ་སྡེའི་བྷི་ཇེ་པི་ (BJP) སྲིད་དོན་ཚོགས་པའི་ལས་ཁུངས་སུ་སྤྱི་འཐུས་གསུམ་དང་། ལྕམ་རུ་བྷེ་མུ་ཁར་ཇེ་ལགས་བཅས་ཆེད་བཅར་གྱིས་སྲིད་དོན་ཚོགས་པའི་འཛིན་སྐྱོང་འགན་ཁུར་གྲས་དྲུང་ཆེ་ཇཱ་གྷན་ནཐ་ཆ་ཏོ་པཱ་དྷྱེ་ (Shri. Jagannath Chattopadhyay, West Bengal BJP General Secretary) མཆོག་གི་གཙོ་སྐྱོང་འོག་དམག་དཔོན་ཟུར་པ་ཇིཏ་སེན་ (Mj. Jit Sen) མཆོག་དང་། རྩིས་ཞིབ་པ་པཱ་རི་ (Mr Pari CA, Accountant BJP, Himalaya Pariwar) མཆོག སྨན་པའི་འབྲེལ་མཐུད་འགན་ཁུར་བ་ ཏ་པན་ སར་ཀར་ (Dr Tapan Sarkar, Convenor Doctor Cell) མཆོག ཁྲིམས་རྩོད་པའི་འབྲེལ་མཐུད་འགན་ཁུར་བ་སཝ་ཏི་གྷོ་ཤི་ (Swati Ghosh Co – Convenor legal Cell) མཆོག་སོགས་བོད་དོན་རྒྱབ་སྐྱོར་བ་དང་། ཁྲིམས་རྩོད་པ། སྨན་པ་བཅས་གནད་ཡོད་མི་སྣ་ ༡༥ ལྷན་ཚོགས་འདུ་ཚོགས་ཏེ་བོད་དོན་དེ་རྒྱ་གར་ལ་གལ་གནད་ཇི་ལྟར་ཆེ་ཚུལ་དང་། རྒྱུན་དུ་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས། ད་ལན་བོད་དོན་ཞུ་སྐུལ་སྐབས་ཚོགས་ཁོངས་དེའི་དབུས་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་སུ་ཡང་ཐུག་འཕྲད་མ་བྱུང་ནའང་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་དང་ང་ཚོ་ལས་ཁུངས་སུ་ཆེད་བཅར་ཞུས་པའི་གནད་དོན་རྣམས་འབྲེལ་ཡོད་གྲོས་ཚོགས་འཐུས་མི་རྣམས་ལ་སྙན་གསན་ཞུ་ཐབས་ཡོང་བའི་རེ་སྐུལ་ཞུས་པ་དང་། ཚོགས་ཞུགས་པའི་ལྷན་བོད་དོན་སྐོར་ཕན་ཚུན་སྦྱངས་བཤད་དང་དམིགས་བསལ་གནས་སྟངས་ཁ་ཤས་ཐད་དོགས་སློང་བྱུང་བ་རྣམས་ལ་གསལ་བཤད་ཁ་གསལ་ཞུས་གནང་འདུག

ཕྱི་ལོ་ ༢༠༢༣ ཟླ་ ༨ པའི་ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་ཀོང་རེ་སེ་ (INC)  སྲིད་དོན་ཚོགས་པའི་ཚོགས་མི་དང་། རྒྱ་གར་དབུས་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་པར་དྷེབ་བྷ་ཊཱ་ཅརྱ་ (Prof. Pradeep Bhattacharya – MP, Rajyasabha – INC Party) མཆོག་མཇལ་འཕྲད་ཞུས་ཏེ་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་ཡིག་དོན་ཚན་ ༡༠ ཅན་དང་། བོད་དོན་ཞུ་སྐུལ་གྱི་ཡིག་ཆ་རྣམས་ཕུལ་ནས་བོད་དོན་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འཆར་ཁག་ལ་མཉམ་ཞུགས་ཀྱིས་འགན་ཁུར་བཞེས་ཐབས།  བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཡོང་ཐབས་སོགས་ཞུས་ཤིང་།  ཁོང་དང་ཚོགས་ཞུགས་པ་རྣམས་ནས་རྒྱ་གར་གཞུང་འཛིན་སུ་འདྲ་ཞིག་སླེབས་ནའང་ཕྱི་འབྲེལ་གྱི་སྲིད་བྱུས་གཅིག་གྱུར་ཡིན་སྐོར་དང་། སྤྱི་འཐུས་ལྷན་ཚོགས་ནས་བོད་དོན་ཞུ་སྐུལ་གྱི་ལས་དོན་རྒྱ་གར་མངའ་སྡེ་ག་ཚོད་ལ་སྤེལ་བཞིན་ཡོད་མེད། ལས་འགུལ་འདི་རིགས་ལ་རྒྱ་གར་གཞུང་ནས་གཟིགས་ཚུལ་ཇི་ཡོད། འཕགས་བོད་ས་མཚམས་ཀྱི་གནས་སྟངས་སོགས་ལས་འཕྲོས་ཏེ་བོད་དོན་དང་འབྲེལ་བའི་གནས་ཚུལ་མང་པོའི་སྐོར་ལ་བཀའ་བསྡུར་ལྷུག་པོ་བྱུང་ཡོད་པ་དང་། དམིགས་བསལ་ཁོང་ནས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གར་གཞུང་ཚབ་ཡན་ལག་ཅིག་འཛུགས་ཐུབ་ན་དགེ་མཚན་ཆེན་པོ་ཡོད་སྐོར་དང་དེ་འབྲེལ་ཁོང་ནས་ཀྱང་རྒྱབ་སྐྱོར་ཞུ་རྒྱུ་ཡིན་གནས་སོགས་གསུངས་གནང་འདུག

སྐབས་དེར་སྐུ་ཞབས་ཁོང་གི་ལྷན་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་སུཁ་བྷི་ལས་བྷར་མ་ (Mr. Sukhbilas Barma – Former MLA, Jalpaiguri AC, WBLA – INC Party) མཆོག་དང་། དྲུང་ཆེ་ཟུར་པ་སུ་བྷན་ཀར་སར་ཀར་ (Subhankar Sarkar – Former AICC Secretary, AICC Member) མཆོག སྨན་པ་མ་ཡཱ་གྷོ་ཤི་ (Dr. Maya Ghosh – Member, Indian Medical Association, & AICC Member) མཆོག དངུལ་ཁང་འགན་ཁུར་བ་ཟུར་པ་སྐུ་ཞབས་སུ་ཇིཏ་མུ་ཁར་ཇེ་ (Sujit Mukherjee – Retd. Bank Employee & Leader of Bank Employee Federation) མཆོག ཚོང་པ་སྐུ་ཞབས་ཨན་ནིཝེ་ཏི་ཡ་ (Mr. N. Nivetia – Industrialist) མཆོག སློབ་དཔོན་ཆེན་མོ་ལྕམ་སྐུ་སན་གྷ་མིཏ་རཱ་སར་ཀར་ (Prof. Sanghamitra Sarkar – International & Foreign Affairs) མཆོག ཀོང་རེ་སེའི་ཚོགས་མི་སྐུ་ཞབས་ར་ན་ཅན་དྷ་ (Rana Chanda – PCC Member) མཆོག ཀོལ་ཀ་ཏ་ཀོང་རེ་སེའི་དྲུང་ཆེ་སྐུ་ཞབས་ཀུ་ནལ་བྷ་ནེར་ཇེ་ (Kunal Banerjee, National CS, RGPRS) མཆོག་སོགས་གནད་ཡོད་མི་སྣ་ ༡༠ ཙམ་བསྡུ་སྐོང་གནང་འདུག་པ་ལྟར་ཀུན་གྱིས་དོ་སྣང་དང་ཐུགས་ཁུར་ཆེ་བཞེས་གནང་ཡོད་འདུག

གུང་ཡོལ་ཆུ་ཚོད་ ༡།༠༠ ཐོག་ཀོལ་ཀ་ཏ་གསར་འགྱུར་སྡེ་ཚན་གྱི་ལྟེ་གནས་ (Press Club Kolkata) སུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་སྟེ་བོད་དོན་ཞུ་སྐུལ་གྱི་གནད་དོན་སྙིང་བསྡུས་དོན་ཚན་ ༥ འཁོད་པའི་གསར་འགོད་གསལ་བསྒྲགས་སྙན་སྒྲོན་དང་། འདས་པའི་བདུན་ཕྲག་གཅིག་ལྷག་གི་རིང་བོད་དོན་ཞུ་སྐུལ་ཁྲོད་མི་སྣ་མཇལ་འཕྲད་དང་། མཐོ་སློབ་ཁག་ཏུ་བོད་དོན་གོ་རྟོགས་ཇི་སྤེལ་སོགས་འགྲེལ་བརྗོད། གསར་འགོད་པའི་དྲི་བར་སྐབས་བསྟུན་ལན་འདེབས་བཅས་གནང་ཡོད། སྐབས་དེར་ (The Telegraph) གསར་ཁང་གི་གསར་འགོད་པ་ (Meghdeep Bhattacharyya) ལགས་དང་།  (PTI)  གསར་ཁང་གི་གསར་འགོད་པ་ (Amitava Roy) ལགས། (Dainik Vishwamitra, Hindi Daily) གསར་ཁང་གི་གསར་འགོད་པ་ (Subhadyuti Dutta ,Reporter) ལགས། (Hindustan Fatafat) གསར་ཁང་གི་གསར་འགོད་པ་ (Naresh Srivastava) ལགས། གཞན་ཡང་ (TV 9) དང་། (Bangal TV)  (On TV) སོགས་ཀྱི་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༣༥ ཙམ་འདུ་འཛོམས་བྱུང་ཡོད་འདུག

ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༣ ནས་བཟུང་སྤྱི་འཐུས་རྣམས་ནས་གལ་ཆེའི་མི་སྣ་མཇལ་འཕྲད་དང་། མཐོ་སློབ་ཁག་ཏུ་བོད་དོན་གོ་རྟོགས་སྤེལ་བ། སྲིད་དོན་ཚོགས་པ་ཁག་གི་ལས་ཁུངས་སུ་ཆེད་བཅར་སོགས་ཀྱིས་ནུབ་བྷེང་གྷལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཏ་ཁུལ་དུ་བོད་དོན་ཞུ་སྐུལ་གྱི་ལས་དོན་མཇུག་བསྒྲིལ་ནས་ཕྱི་ཚེས་ ༢༠ ཕྱི་དྲོ་སྤྱི་འཐུས་རྣམས་ཨོ་ཌི་ཤ་མངའ་སྡེའི་རྒྱལ་ས་བྷུ་བུ་ནེ་ཤེ་ཝར་དུ་ཕེབས་ཐོན་གནང་རྒྱུ་དང་། མངའ་སྡེ་དེའི་ནང་བོད་དོན་ཞུ་སྐུལ་གྱི་ལས་དོན་རྣམས་རིམ་བཞིན་སྤེལ་རྒྱུ་ཡིན་པ་རེད།

ཀོལ་ཀ་ཏར་བོད་དོན་ཞུ་སྐུལ་གྱི་ལས་དོན་སྤེལ་རིང་གྷ་ན་ས་མ་ནེ་ (Ganasamannay) ཚོགས་པ་དང་། སོ་ཧོ་ བྷ་རཏ་ (Soho Bharat Foundation) ཚོགས་པ་གཉིས་ནས་མཐུན་འགྱུར་གང་ལེགས་གནང་ཡོད་པ་དང་། ལྷག་པར་དུ་གྷ་ན་ས་མ་ནེ་ཚོགས་པའི་ཚོགས་གཙོ་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་རུ་བྷེ་ མུ་ཁར་ཇེ་མཆོག་ནས་ལས་རིམ་གང་མང་འཆར་བསྒྲིགས་ཀྱིས་གལ་ཆེའི་མི་སྣ་མཇལ་འཕྲད་སྐབས་དང་། མཐོ་སློབ་ཁག་ཏུ་མཉམ་བཅར་སོགས་ཀྱི་གཙོ་འགན་བཞེས་གནང་ཡོད་འདུག་པ་དང་། ཁོང་གི་སྐུ་ཟླ་གྷ་ན་ས་མ་ནེ་ཚོགས་པའི་དྲུང་ཆེ་སྐུ་ཞབས་པར་ཏབ་ གྷོ་ཤི་མཆོག་ནས་མཐོ་སློབ་ཁག་ཏུ་བོད་དོན་བགྲོ་གླེང་སྐབས་འཕགས་བོད་གཉིས་ཀྱི་རྒྱལ་དར་དང་། རྒྱལ་གླུའི་རོལ་དབྱངས་གྲ་སྒྲིག་གནང་བ་སོགས་ཀྱི་འགན་ཁུར་བླངས་ཡོད་འདུག་པ་བཅས་ཀྱི་གནས་ཚུལ་དུ།