ཀོལ་ཀ་ཏ་རུ་བོད་དོན་ཞུ་སྐུལ་གྱི་ལས་དོན་མུ་མཐུད་གནང་བཞིན་པ།


༄༅། ། བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་བཅས་ནས་ནུབ་བྷེང་གྷལ་གྱི་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཏ་རུ་བོད་དོན་ཞུ་སྐུལ་གྱི་ལས་དོན་མུ་མཐུད་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༤ སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་། (TMC) སྲིད་དོན་ཚོགས་པའི་ཚོགས་མི། རྒྱ་གར་དབུས་གཞུང་གྲོང་ཁྱེར་ཡར་རྒྱས་ཀྱི་བློན་ཆེན་ཟུར་པ། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སའུ་གྷ་ཏ་ རོ་ཡེ་ (Shri. Saugata Roy) མཆོག་དང་མཇལ་འཕྲད་ཀྱིས་སྤྱི་ལྷན་གྱི་ཞུ་ཡིག་དོན་ཚན་ ༡༠ འཁོད་ཅན་དང་། ཨིན་སྐད། ཧིན་སྐད། བྷེང་གྷལ་ལི་གསུམ་ནང་འཁོད་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། དེ་སྔོན་རྒྱ་གར་གནད་ཡོད་མི་སྣ་རྣམས་ཀྱིས་བོད་དོན་སྐོར་གླེང་སློང་གནང་བ་སྙིང་བསྡུས་སོགས་འཁོད་པའི་ལྟེབ་ཤོག་ཡིག་ཆ། སྤྱི་ལྷན་གྱི་ཕྱག་རྟགས་སྤུས་ལེགས་བཅས་ཕུལ་ཏེ་ངག་ཐོག་ནས་ཀྱང་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་དང་། རྒྱ་གར་གྲོས་ཚོགས་སུ་བོད་དོན་གླེང་སློང་ཡོང་ཐབས་སོགས་ཀྱི་རེ་སྐུལ་ཞུས་པར། ཁོང་གིས་རྒྱ་གར་གྱི་སྲིད་བློན་དང་པོ་ནེཧ་རུ་ནས་བཟུང་རྒྱ་གར་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་བཞིན་ཡོད་པ་ལྟར་ཁོང་ནས་ཀྱང་དེ་ལུགས་རྒྱབ་སྐྱོར་ཡོད་གནས་དང་། གྲོས་ཚོགས་སུའང་བོད་དོན་གླེང་སློང་ཡོང་ཐབས་སོགས་ལ་ཐུགས་ཁུར་བཞེས་རྒྱུ་ཡིན་ཞེས་གསུངས་འདུག


དེ་ཉིན་ཕྱི་དྲོ་ཀོལ་ཀ་ཏར་ཆགས་པའི་ནིའུ་ ཨ་ལི་པོརེ་ མཐོ་སློབ་ཀྱི་སློབ་སྤྱི་འབུམ་རམས་པ་ ཇོཡེ་ དྷེབ་ ས་རན་གྷི་ (Dr. Joy Deep Sarangi, Principal, New Alipore College) མཆོག་གི་ལས་ཁུངས་སུ་བོད་མི་མང་སྤྱི་འཐུས་གསུམ་དང་བོད་དོན་རྒྱབ་སྐྱོར་བ་ལྕམ་རུ་བྷེ་ མུ་ཁར་ཇེ་ གཏན་ཞལ་གཉིས་བཅས་ཆེད་བཅར་གྱིས་ད་ལན་གྱི་བོད་དོན་ཞུ་སྐུལ་སྐོར་གྱི་གནད་དོན་རྣམས་གསལ་བཤད་དང་། མཐོ་སློབ་ཏུ་གནའ་རབས་ནས་བཟུང་འཕགས་བོད་ཀྱི་རྒྱལ་རབས་དང་རིག་གཞུང་འབྲེལ་ལམ་སྐོར་གྱི་ངོ་སྤྲོད་གཏམ་བཤད་བྱ་རྒྱུའི་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་ཤིང་། དེ་བཞིན་༸གོང་ས་མཆོག་གི་མཛད་རྣམ་གཙོས་འབྲེལ་ཡོད་ཡིག་ཆ་ཁག་མཐོ་སློབ་ཀྱི་དཔེ་མཛོད་ཆེད་ཕུལ་གནང་ཡོད།


ཆུ་ཚོད་ ༣།༠༠ ནས་ ༥།༠༠ བར་མཐོ་སློབ་ཀྱི་ཚོགས་ཁང་ཨང་ ༢༠༩ ནང་བོད་ཀྱི་ཆོས་དང་རིག་གཞུང་དང་། རྒྱལ་རབས་ལོ་རྒྱུས། བོད་ནང་གི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་ཀྱི་ཚོགས་འདུ་ཞིག་གོ་སྒྲིག་གནང་བར་དོ་སྣང་ཅན་གྱི་དགེ་སློབ་ ༣༠ ལྷག་མཉམ་ཞུགས་སྐབས་ཐོག་མར་འཕགས་བོད་གཉིས་ཀྱི་རྒྱལ་གླུ་ཕུལ་རྗེས། མཐོ་སློབ་ཀྱི་སློབ་སྤྱི་མཆོག་ནས་ཕེབས་བསུའི་གསུང་བཤད་དང་། ༸གོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ཁག་ལ་ཡི་རངས་ཀྱི་ཆེ་བསྟོད་གནང་། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་གིས་བོད་དོན་ཞུ་སྐུལ་གྱི་དགོས་དམིགས་ངོ་སྤྲོད་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ནས་ ༡༩༥༩ གོང་བོད་རང་བཙན་ཡིན་པའི་གནས་བབ་དང་། ༸གོང་ས་མཆོག་གི་དབུ་ཁྲིད་པའི་བཙན་བྱོལ་བོད་མི་རྣམས་ལ་རྒྱ་གར་ཇི་ལྟར་བཀའ་དྲིན་ཆེ་ཚུལ། བཙན་བྱོལ་བོད་མི་རྣམས་ཀྱིས་བོད་དང་རྒྱ་གར་གྱི་ཆོས་རིག་བདག་སྐྱོང་མི་དམན་པ་ཞུས་ཡོད་ཚུལ། གཞིས་བཞུགས་བོད་མི་རྣམས་རྒྱ་དམར་གཞུང་གི་བཙན་དབང་འོག་དཀའ་སྡུག་མྱོང་བཞིན་པའི་གནས་སྟངས། མ་འོངས་པའི་སྣེ་ཁྲིད་མཁན་མི་རབས་གསར་པ་ཁྱེད་རྣམས་ཀྱིས་བོད་དོན་མ་བརྗེད་པ་གནང་རྒྱུའི་རེ་སྐུལ་བཅས་ཞུས་པ། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་གིས་བོད་རང་བཙན་ཡིན་པའི་སྐབས་ཀྱི་ས་ཁྱོན་དང་གནས་བབ། མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་གནད་དང་རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཇི་ལྟར་གཏོང་བཞིན་པ། བོད་ཀྱི་གཙང་ཆུ་ཁག་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་རྣམས་ལ་གལ་ཆེན་པོ་ཇི་ལྟར་ཆགས་ཀྱི་ཡོད་ཚུལ་སོགས་ལས་འཕྲོས་ཏེ་བོད་དོན་ངོ་སྤྲོད་གནང་ཡོད་འདུག

བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ རུ་བྷེ་ མུ་ཁར་ཇེ་ མཆོག་ནས་གོང་གསལ་སྤྱི་འཐུས་རྣམས་ཀྱི་གསུང་བཤད་དང་འབྲེལ་ནས་བོད་ཀྱི་ཆོས་དང་རིག་གཞུང་། རྒྱལ་རབས་ལོ་རྒྱུས། བོད་ནང་གི་ཛ་དྲག་གནས་སྟངས། རྒྱ་དམར་གཞུང་གིས་བོད་ནང་དམ་བསྒྲགས་ཇི་ལྟར་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར་བྷེལ་གྷལ་གྱི་སྐད་ནང་ངོ་སྤྲོད་ཞིབ་ཕྲ་གནང་བ་དང་། མཐོ་སློབ་དེའི་བྷེང་གྷལ་སྐད་ཡིག་དང་རྩོམ་རིག་གི་སློབ་དཔོན་ཆེན་མོ་འབུམ་རམས་པ་ ཨ་ནི་ ཀེཊ་ མ་ཧཱ་ པཏ་རཱ་ (Dr. Aniket Mahapatra, the Professor of Bengali Language and literature. New Alipore College) མཆོག་ནས་དེ་རིང་གི་གཏམ་བཤད་རྣམས་སློབ་ཕྲུག་ཚོས་གལ་ཆེ་དོན་ཆེར་བརྩི་དགོས་ཚུལ་དང་། ཁོ་རང་ཡང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡིན་པས་རྒྱུན་དུ་བོད་ཀྱི་ཆོས་སྲིད་གང་ཐད་ལ་ཐུགས་སྣང་དང་འགན་ཁུར་གནང་གི་ཡོད་ཚུལ་ལས་འཕྲོས་ཏེ་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་སྟེ་ཚོགས་འདུ་མཇུག་སྒྲིལ་ཡོད། ཚོགས་འདུའི་སྐབས་བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་སྐད་ཡིག་མ་འདྲ་བ་གསུམ་ནང་འཁོད་པ་རྣམས་འགྲེམ་སྤེལ་ཞུས་གནང་འདུག


ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༥ རྒྱ་གར་རང་བཙན་གྱི་དུས་དྲན་ཉིན་སྤྱི་འཐུས་རྣམས་རྒྱ་གར་གྱི་རྒྱལ་གླུ་རྩོམ་པ་པོ་ར་བྷིན་དྷར་ནཐ་ཋགོར་ (Shri Rabindranath Tagore) གྱི་གཟིམ་ཁང་ངམ་འགྲེམ་སྟོན་ཁང་གི་སྒོ་འགྲམ་དང་། རྒྱལ་སའི་ཁྲོམ་ར་ལྟེ་བ་སོགས་སུ་ཕེབས་ནས་སྐད་རིགས་གསུམ་ནང་འཁོད་པའི་བོད་དོན་ཞུ་སྐུལ་གྱི་ལྟེབ་ཤོག་ཡིག་ཆ་ཁག་མི་མང་ཁྲོད་འགྲེམ་སྤེལ་ཞུས་ཡོད་འདུག

ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༦ ཉིན་ཀ་ལི་ཀ་ཏ་གཙུག་ལག་སློབ་གཉེར་ཁང་གི་ནང་ཆོས་སློབ་གཉེར་ཚན་པ་ (Department of Buddhist Studies, University of Calcutta) དང་། (Ganasamannay) ཚོགས་པ་གཉིས་ཟུང་འབྲེལ་གྱི་གོ་སྒྲིག་འོག་འཕགས་བོད་དབར་གྱི་ལོ་རྒྱུས་དང་། རིག་གཞུང་སོགས་ཀྱི་འབྲེལ་བའི་སྐོར་ལ་ཕྱི་དྲོ་ཆུ་ཚོད་ ༣།༠༠ནས་ ༥།༣༠ བར་ཚོགས་འདུ་གོ་སྒྲིག་ཞུས་སྐབས་ཐོག་མར་ཚན་པའི་འགན་འཛིན་འབུམ་རམས་པ་སྐུ་ཞབས་ ཨུ་ཇ་ཝལ་ ཀུ་མར་ (Dr. Ujjwal Kumar) མཆོག་དང་། འབུམ་རམས་པ་ལྕམ་སྐུ་ ཨིས་ཝར་ཡ་ བྷིས་ཝཱས་ (Dr. Aiswarya Biswas) མཆོག འབུམ་རམས་པ་ལྕམ་སྐུ་ པི་ཡ་ལི་ ཅཀ་ར་ བྷོར་ཏི་ (Dr. Piyali Chakraborty) མཆོག་བཅས་དང་མཇལ་འཕྲད་ཀྱིས་གཙུག་ལག་སློབ་གཉེར་ཁང་གི་སྐོར་ལ་རྒྱུས་ལོན་དང་། ནང་ཆོས་ཚན་པས་མཐུན་འགྱུར་འོག་ཚོགས་འདུ་གོ་སྒྲིག་གནང་བར་བཀའ་དྲིན་ཆེ་ཞུས་གནང་འདུག

ཚོགས་འདུར་དགེ་སློབ་གྲངས་ ༤༠ ཙམ་འདུ་འཛོམས་སར་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་རྗེས། ཚན་པའི་འགན་འཛིན་སྐུ་ཞབས་ ཨུ་ཇ་ཝལ་ ཀུ་མར་མཆོག་ནས་ཕེབས་བསུའི་གསུང་བཤད་སྐབས་བོད་དོན་དང་། ནང་ཆོས་གལ་ཆེ་ཡིན་པའི་སྐོར་སོགས་གསུངས་པ་དང་།བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ རུ་བྷེ་ མུ་ཁར་ཇེ་ མཆོག་ནས་སྤྱི་འཐུས་གསུམ་གྱི་ངོ་སྤྲོད། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་རྒྱ་གར་མངའ་སྡེ་ཁག་ནང་བོད་དོན་ཞུ་སྐུལ་ཀྱི་ལས་རིམ་ཇི་ལྟར་སྤེལ་བཞིན་པའི་སྐོར་ངོ་སྤྲོད་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་བོད་རང་བཙན་སྐབས་ཀྱི་ལོ་རྒྱུས་དང་། འཕགས་བོད་ཆོས་རིག་གི་འབྲེལ་ལམ་སྐོར། རྒྱ་གར་ནང་ཡོད་བོད་ཀྱི་དགོན་སྡེ་ཁག་གཙོས་རིག་གཞུང་བསྟི་གནས་རྣམས་ཀྱིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་འབུར་དུ་ཐོན་པ་གནང་ཡོད་པའི་སྐོར། རྒྱ་དམར་གྱི་བཙན་དབང་འོག་ཡོད་པའི་བོད་མི་རྣམས་ལ་དེ་ལྟ་བུའི་གོ་སྐབས་ཐོབ་ཀྱི་མེད་པ་སོགས་ངོ་སྤྲོད་དང་།

སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་ནས་རྒྱ་གར་གྱི་པཎ་གྲུབ་རྣམས་བོད་ལ་བཀའ་དྲིན་ཆེན་པོ་ཡིན་པའི་ཚུལ་དང་། བོད་རང་བཙན་སྐབས་ཀྱི་ཆིངས་ཡིག་ཁག་གི་ངོ་སྤྲོད། རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་རྩ་གཏོར་གཏོང་ཚུལ་སྤྱི་དང་བྱེ་བྲག་དེང་སྐབས་བོད་ཕྲུག་རྣམས་རྒྱ་ནག་གི་གཏན་འཇགས་སློབ་གྲྭར་ཆེད་བཅུག་བྱས་ཡོད་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད། སློབ་དཔོན་ ཨན་ཏར་ ཧི་མ་ལ་ཡ་མཆོག་ནས་བོད་ཀྱི་ཆོས་དང་རིག་གཞུང་རྣམས་རྒྱ་ནག་གིས་རྩ་གཏོར་གཏོང་བཞིན་པ་ཛ་དྲག་གི་གནས་སྟངས་ཤིག་ཡིན་པ་དང་། རྒྱ་གར་གྱི་བདེ་འཇགས་ཆེད་བོད་ལ་རང་དབང་ཐོབ་དགོས་རྒྱུ་གལ་ཆེ་ཡིན་སྐོར་སོགས་གསུངས་རྗེས་ཚོགས་ཞུགས་པ་ཚོའི་དྲི་བར་ལན་འདེབས་དང་༸གོང་ས་མཆོག་གི་མཛད་རྣམ་གཙོས་འབྲེལ་ཡོད་ཡིག་ཆ་ཁག་འགྲེམ་སྤེལ་ཞུས་གནང་ཡོད། མཐར་འབུམ་རམས་པ་ལྕམ་སྐུ་ པི་ཡ་ལི་ ཅཀ་ར་ བྷོར་ཏི་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་བཅས་ཀྱི་གནས་ཚུལ་དུ། །