
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༤ པའི་ཚེས་ ༢༥ རེས་གཟའ་སྤེན་པ་ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༧ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་དུས་བཟང་གི་རྟེན་འབྲེལ་མཛད་སྒོ་ཞིག་ཚོགས་གནང་སོང་།

སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དདཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག བཀྲ་ཤིས་ལྷུན་པོ་དགོན་པའི་༸སྐྱབས་རྗེ་མཁན་རིན་པོ་ཆེ་གཟིགས་རྒྱབ་སྤྲུལ་སྐུ་མཆོག ཕྱོགས་བཞུགས་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག་དང་། ཕྱོགས་བཞུགས་སྤྱི་འཐུས་དངོས་གྲུབ་རྡོ་རྗེ་མཆོག ཕྱོགས་བཞུགས་སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་མཆོག ཕྱོགས་བཞུགས་སྤྱི་འཐུས་ཆོས་འཕེལ་ཐུབ་བསྟན་མཆོག དགོན་པའི་དབུ་ཆོས་རྣམ་པ། ས་གནས་ཁྲིམས་ཞིབ་པ། སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན་རྣམ་པ་གཉིས། དགོན་སྡེ་ཁག་གི་སྐུ་ཚབ་རྣམ་པ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ལས་སྣེ་རྣམ་པ། སེར་སྐྱ་མི་མང་བཅས་འདུ་འཛོམས་ཀྱིས་མཛད་སྒོ་ཚོགས་གནང་སོང་།

མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཙོ་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་བསྟན་འགྲོ་སྤྱི་དང་ཡང་སྒོས་གངས་ཅན་སྐྱེ་འགྲོའི་ཕན་བདེའི་སླད་དུ་སྐུ་མཚན་དཔེ་མངོན་པར་བཞད་ནས་མི་ལོ་ ༣༧ འཁོར་བའི་༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་དུས་ཁྱད་པར་ཅན་ལ། བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་བླ་འདུས་མང་ནས་ལོ་འདིར་དམིགས་བསལ་༸ཀུན་གཟིགས་པཎ་ཆེན་༸སྐུ་ཕྲེང་བཅུ་གཅིག་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བ་ནི་༸ཀུན་གཟིགས་པཎ་ཆེན་༸སྐུ་ཕྲེང་གོང་མ་རྣམས་ཀྱི་རླབས་ཆེན་རྣམ་ཐར་འཕྲོ་མཐུད་མཇུག་སྐྱོང་ཡོང་བའི་རྟེན་འབྲེལ་ཁྱད་པར་བ་ཞིག་ཏུ་གྱུར་ཞིང་། རང་ཅག་རྣམས་འདིར་འདུས་ཤིང་རྟེན་འབྲེལ་གྱི་སྒོ་འཕར་ཡངས་པོར་ཕྱེས་པས་ཆོས་དང་དམ་ཚིག་འདུན་པ་གཅིག་པས་སྐུའི་འཁྲུངས་སྐར་གྱི་མཛད་སྒོར་ཞུགས་པ་ནི་ལས་དང་སྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད།

རང་རེའི་ཁ་རྒྱུན་ལ་གནམ་ལ་ཉི་ཟླ་གཉིས་དང་། ས་ལ་༸རྒྱལ་བ་པཎ་ཆེན་ཞེས་ཤོད་སྲོལ་ཡོད་པ་མ་ཟད། ༸རྒྱལ་བ་ཡབ་སྲས་ཞེས་བོད་གངས་ཅན་ཞིང་དུ་ཡོངས་སུ་གྲགས་ཤིང་༸པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གིས་༸རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་ངོས་འཛིན་གནང་བ་ནས་བཟུང་སྟེ། རྒྱལ་དབང་ཕྱག་ན་པདྨོ་སྐུ་ཕྲེང་ན་རིམ་དང་། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་དབར་ཕན་ཚུན་བླ་སློབ་སྐྱོང་རེས་དང་ཆོས་ཕྱོགས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་བྱུང་ཡོད། དུས་རབས་ཉི་ཤུ་པའི་དཀྱིལ་ནས་བོད་ནང་རྒྱ་གཞུང་གིས་བཙན་འཛུལ་གྱིས་བོད་ཀྱི་སྣོད་བཅུད་གཉིས་ཀ་ཡ་ང་བའི་གནས་སུ་གྱུར་ཅིང་བོད་མི་རྣམས་གཞིས་བྱེས་གཉིས་སུ་གྱེས་དགོས་བྱུང་ཞིང། ༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཐུགས་སྟོབས་གོ་ཆ་བཙན་པོས་བོད་ཕྱི་ལོག་ནས་བོད་ཀྱི་ཆོས་དང་། རིག་གཞུང་། བོད་དོན་བདེན་པའི་འཐབ་རྩོད་རྣམས་རྒྱལ་སྤྱིའི་ངོ་བོར་བསྒྱུར་ཐུབ་པ་བྱུང་ཞིང་། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པས་བོད་ནང་ལ་བོད་ཀྱི་ཆོས་དང་། རིག་གཞུང་མི་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་ཀྱིས་ཐུགས་འགན་ཆེ་བཞེས་ཀྱིས་མཛད་འཕྲིན་རྒྱ་ཆེར་བསྐྱངས་ཡོད།

དེ་ཡང་༸ཀུན་གཟིགས་པཎ་ཆེན་༸སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཁོང་སྐུ་སྒེར་གྱི་ཁེ་དབང་ཡོངས་རྫོགས་བློས་གཏོང་གིས་རྒྱ་ནག་གུང་ཁྲན་གཞུང་གི་སྡུག་རྩུབ་ཆེ་བའི་སྲིད་བྱུས་འོག བོད་མི་སྤྱིའི་ལས་དབང་དང་ཐད་ཀར་འབྲེལ་བ་ཆགས་པའི་བོད་ས་ཁྱོན་ཡོངས་ལ་ཆེས་ཡ་ང་བའི་གནས་སྟངས་ཀྱི་སྙན་ཞུ་རིང་པོ་ཞིག་རྒྱ་ནག་དབུས་གཞུང་ལ་ཕུལ་བས། རྗེས་སོར་ཡིག་འབྲུ་ཁྲི་བདུན་བརྗོད་པའི་སྙན་ཞུ་དེས་རྐྱེན་པས། ཁོང་རྒྱའི་བཙོན་ཁང་ནང་ལོ་དགུ་ལྷག་བཞུགས་དགོས་བྱུང་། དེ་རྗེས་བོད་ནང་དུས་ཐུང་རིང་སྲིད་བྱུས་ལྷུག་གཏོང་བྱུང་བསྟུན་བཙོན་ནས་གློད་གྲོལ་བྱུང་བ་དང་། གོ་གནས་ཀྱང་ཅུང་ཟད་འབུལ་བཞེས་ལྟར་ཁོང་གིས་བོད་ས་ཁྱོན་ཡོངས་སུ་བོད་ཀྱི་ཆོས་དང་རིག་གཞུང་། ལྷག་དོན་བོད་ཀྱི་སྐད་ཡིག་བེད་སྤྱོད་ཐུབ་སླད་སྐུ་ལས་ཚད་མེད་སྐྱོན་པར་གྲུབ་འབྲས་ཀྱང་གཟེངས་སུ་ཐོན་པ་བྱུང་ཡོད་པར། རྒྱ་ནག་གཞུང་གིས་དེ་དག་ཉེན་ཁ་ཞིག་ལ་མཐོང་སྟེ་ཕྱི་ལོ་ ༡༩༨༩ ལོར་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་རྒྱུ་རྐྱེན་གསལ་པོ་མེད་པའི་ཐོག་དོགས་གཞི་དང་བཅས་གློ་བུར་དུ་དགོངས་པ་རྫོགས། དུས་དེ་ནས་བཟུང་བོད་ནང་སླར་ཡང་རིག་གནས་གསར་བརྗེ་བསྐྱར་ལོག་ལྟ་བུས་བོད་མི་རིགས་དང་། རིག་གཞུང་རྩ་མེད་བཟོ་བའི་སྲིད་བྱུས་ཇེ་སྡུག་དང་ཛ་དྲག་ཇེ་ཆེར་འགྲོ་བཞིན་པ་མངོན་གསལ་ཆགས་ཡོད།

༸པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐུའི་ཡང་སྲིད་རྩད་གཅོད་དང་ངོས་འཛིན་ཞུ་ཕྱོགས་ཐད་བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས་ཀྱི་སྲོལ་རྒྱུན་ནང་ཤུགས་མ་ཐུབ་ཀྱིས་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ལ་འོས་འགན་ཞིག་ཡོད་པ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ཐུགས་འགན་ཆེ་བཞེས་ཀྱིས་ཆོས་ཕྱོགས་རྐྱང་པའི་ཕྱག་བཞེས་མཛད་དེ། ཐོག་མར་མྱུར་བྱོན་གསོལ་འདེབས་ལྗགས་རྩོམ་དང་། བར་དུ་བོད་ནས་བཀྲ་ཤིས་ལྷུན་པོའི་མཁན་པོ་དང་། ཡང་སྲིད་རྩད་གཅོད་ཚོགས་ཆུང་གི་ཚོགས་གཙོ་བྱ་བྲལ་རིན་པོ་ཆེ་སོགས་ཀྱིས་གསང་སྟབས་ཀྱིས་འོས་སྤྲུལ་གྱི་མཚན་ཐོ་འབུལ་འབྱོར་ལ། མཐའ་མར་བསྲེག་བཅད་བརྡར་བའི་བརྟག་པ་མཐིལ་ཕྱིན་དང་སྦྲགས་ཡེ་ཤེས་དབྱིངས་གཟིགས་ཀྱིས་བོད་ནག་ཆུ་ལྷ་རི་ཁོངས་སུ་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པ་ཡབ་དཀོན་མཆོག་ཕུན་ཚོགས་དང་། ཡུམ་བདེ་ཆེན་ཆོས་སྒྲོན་གཉིས་ཀྱི་རིགས་སྲས་ཁྱེའུ་དགེ་འདུན་ཆོས་ཀྱི་ཉི་མ་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད་ཅིང་། མཚན་ལ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་ཞེས་གསོལ་ཞིང་ཞབས་བརྟན་གསོལ་འདེབས་བཞེད་དོན་ལྷུན་འགྲུབ་ཅེས་པ་ཆེད་དུ་ལྗགས་རྩོམ་མཛད། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ གཟའ་སྐར་དགེ་བའི་ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ཇི་ལྟར་ངོས་འཛིན་མཛད་པའི་བརྒྱུད་རིམ་ཞིབ་ཅིང་ཕྲ་བ་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་པ་ནས་བཟུང་། འཛམ་གླིང་ནང་གི་ནང་པ་ཡོངས་ནས་༸པཎ་ཆེན་སྐུ་གོང་མའི་ཡང་སྲིད་ངོ་མར་དད་གུས་དང་། བརྩི་བཀུར་གཅིག་གྱུར་ཞུ་ཡུལ་ཞིག་ཏུ་གྱུར་ཡོད་པ་མ་ཟད། དེང་གི་རྒྱལ་སྤྱིའི་ནང་ཤུགས་རྐྱེན་ཡོད་པའི་མི་སྣ་ཞིག་ལ་ངོས་འཛིན་གྱིས་ཨ་རིའི་རྒྱལ་ཡོངས་མང་གཙོ་ཐེབས་རྩ་ཁང་ National Endowment for Democracy ནས་ཕྱི་ལོ་ ༢༠༢༥ ལོའི་མང་གཙོའི་གཟེངས་རྟགས་དེ་བཞིན་ཕུལ་བ་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་ནས་སྐུ་ཚབ་ཞུས་ཏེ་བཞེས་གནང་ཡོད། སྐབས་དེར་༸གོང་ས་མཆོག་གིས་མཚམས་འཕྲིན་ཞིག་བསྩལ་བའི་ནང་། སྟབས་མ་ལེགས་པ་ཞིག་ལ་ཁོང་ལ་ནོར་འཁྲུལ་མེད་པ་བྱིས་པའི་དུས་ནས་འཚར་ལོངས་དང་། མི་དཀྱུས་མའི་འཚོ་བ་སོགས་ད་ལྟའང་རགས་ཐུབ་མེད། འོན་ཀྱང་ངོས་ནས་དྲང་བདེན་གྱི་སྟོབས་ཤུགས་ལ་ཡིད་ཆེས་བྱེད་ཀྱི་ཡོད་ལ། མཐར་གཏུགས་ན་དྲང་བདེན་ལ་རྒྱལ་ཁ་ཐོབ་ཀྱི་རེད། དེར་བརྟེན་ངོས་ནས་དགེ་འདུན་ཆོས་ཀྱི་ཉི་མ་ལ་ཆེ་མཐོང་དང་རང་དབང་གི་ཐོག་ནས་འཚོ་བ་སྐྱེལ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་གནང་ཡོད།

འོན་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་ཆབ་སྲིད་ཀྱི་དགོས་དབང་གིས་དགུང་ལོ་དྲུག་ཏུ་ཕེབས་པ་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་ངོས་འཛིན་གསལ་བསྒྲགས་མཛད་ནས་ཉིན་གསུམ་གྱི་རྗེས་བཙན་ཁྲིད་ཀྱིས་གསང་ཉར་བྱས་ཏེ་དུས་ད་ལྟའི་བར་ཆུང་སྲིད་རིན་པོ་ཆེ་མཆོག་དང་། ཡབ་ཡུམ་སྐུ་འཁོར་རྣམས་གར་ཡོད་ཆ་མེད་དུ་གྱུར་བས་སྐུ་ཕྱྭའི་ཉེན་འགན་སྐོར་བློ་འཚབ་དང་ཡིད་གདུང་དྲག་པོའི་གནས་སུ་གྱར་བ་མ་ཟད། དུས་སྐབས་དེར་འཛམ་གླིང་གི་ཆབ་སྲིད་བཙོན་པ་ལོ་ན་ཆུང་ཤོས་ཤིག་ཆགས་པ་རྒྱལ་སྤྱིའི་ནང་ཡོངས་གྲགས་སུ་གྱུར། དེ་ནས་བཟུང་ད་ལྟ་བར་ལོ་ངོ་ ༣༡ རིང་ས་གནས་གང་དུ་ཡོད་མེད་ཞིབ་ཕྲ་སུས་ཀྱང་ཤེས་རྟོགས་བྱུང་མེད་པར་བརྟེན་རྒྱ་གཞུང་གི་བྱེད་བབ་འདི་རིགས་ལ་འཛམ་གླིང་གི་མི་མང་རྣམས་བློ་འཚབ་དང་ཡིད་ཆེས་བྱེད་མ་ཐུབ་པའི་གནས་སུ་གྱུར་ཡོད།

འོན་ཀྱང་སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་རྒྱ་ནག་དམར་པོའི་སྲིད་གཞུང་གིས་དེའི་ཁ་གཏད་དུ་བྱིས་པ་གཞན་ཞིག་གསེར་བུམ་དཀྲུག་འདོན་གྱི་ལམ་ནས་བསྐོ་གཞག་བྱས་པ་དང་། དེ་ཡང་གསེར་བུམ་དཀྲུག་པའི་རྒྱུད་རིམ་ནང་འཆར་གཞི་སྔོན་བཀོད་ལྟར་གཡོ་སྒྱུའི་འཁྲབ་སྟོན་ཞིག་ལག་བསྟར་བྱས་སྐོར་སྐབས་དེར་ཡོད་པའི་སྐུ་འབུམ་དགོན་གྱི་ཨ་ཀྱཱ་རིན་པོ་ཆེས་མིག་མཐོང་ལག་ཟིན་གྱི་གནད་དོན་ངོ་མ་འཐེར་འདོན་གནང་ཞིང། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ལག་ཆ་ཆེད་བསྐོ་གཞག་བྱས་པར་ར་འཕྲོད་ཡོང་གི་ཡོད། སྐབས་དེའི་གསེར་བུམ་དཀྲུགས་འཐེན་གནང་མཁན་འབྲོག་མི་བྱམས་པ་བློ་གྲོས་ཀྱིས་སྙིང་ཉེ་བའི་བློ་ཐུབ་གཅིག་ལ་གསུངས་པའི་བཀའ་མོལ་ཕྱིར་རྒྱ་གར་དུ་འབྱོར་བའི་ནང་། “པཎ་ཆེན་ཡང་སྲིད་སྐོར་ཁོང་ཚོས་དོ་སྣང་བྱས་པ་དེ་ཆོས་ལ་དགའ་དྲགས་ནས་བྱས་པ་ཞིག་མ་རེད། ཆབ་སྲིད་ཀྱི་ལག་ཆ་ཆེད་བདག་པོ་བརྒྱབ་པ་ཞིག་རེད། གལ་ཏེ་ཕར་ཕྱོགས་ལ་༸སྐུ་མདུན་བཞུགས་མེད་ན། ཁོང་ཚོར་པཎ་ཆེན་དགོས་ཡག་ཡོད་མ་རེད། ཁ་གཏད་ཆེད་དུ་བདག་པོ་བརྒྱབ་པ་ཞིག་རེད། ང་ཚོ་ལག་པ་འཕྱིད་ཡག་ཆེད་དུ་བེད་སྤྱོད་བཏང་བ་རེད།” ཅེས་བཀའ་མོལ་དེར་འགྲེལ་བཤད་ཞིབ་ཕྲ་ཞུ་དགོས་པ་མ་མཐོང་ཞིང་། འབྲོག་མི་བྱམས་པ་བློ་གྲོས་ནི་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོས་ཕྱི་ལོ་ ༡༩༨༦ ལོར་ལྷ་ལྡན་སྨོན་ལམ་ཆེན་མོ་སླར་གསོ་གནང་རྗེས་དགའ་ལྡན་ཁྲི་ཚབ་ཏུ་བསྐོ་གཞག་གནང་ཞིང་སྨོན་ལམ་ཆེན་མོའི་དབུ་སྐྱོང་གནང་བ་སོགས་མཐར་ཕྱི་ལོ་ ༢༠༠༢ ལོར་སྐུ་གཤེགས་ཡོད།

ཕྱི་ལོ་ ༡༩༩༥ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ”དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་དང་། སློབ་གཉེར་ཚད་ལྡན་ཞིག་ཐོབ་ཨེ་ཡོང་སྙམ་པའི་ངོས་ལ་བློ་གཡེང་འདུག མང་ཚོགས་ཁྲོད་མཇལ་རྒྱུ་མེད་པར་ཟླ་ཤས་སོང་ཡོད། ཁོང་ད་ལྟ་པེ་ཅིང་དུ་བཀག་བསྐྱིལ་བྱེད་པའི་གནས་ཚུལ་འདུག དེར་བརྟེན་ངོས་ཀྱིས་སྲིད་གཞུང་ཁག་དང་ཆོས་ཚོགས། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་ལ་པཎ་ཆེན་རིན་པོ་ཆེ་མགྱོགས་མྱུར་གློད་བཀྲོལ་ཐོབ་ཆེད་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་” ཞེས་བཀའ་སློབ་ཕེབས་པ་ནས་བཟུང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཞུ་སྐུལ་ལས་འགུལ་རིམ་པ་སྤེལ་གནང་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སོགས་གཞུང་དང་གྲོས་ཚོགས། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ནས་སྔ་རྗེས་སུ་རྒྱ་ནག་གཞུང་ལ་རྣམ་པ་འདྲ་མིན་ཐོག་འབོད་སྐུལ་རིམ་པ་ཞུས་ཡོད་ཀྱང་། ད་བར་གྲུབ་འབྲས་ཤིག་ཐོབ་མེད། འོན་ཀྱང་ཉི་མ་སྤྲིན་པའི་འོག་ནས་དྭངས་བའི་དུས་ཤིག་ཤར་རྒྱུ་ཡོད་པ་དང་། བདེན་པ་ནི་མཐའ་མའི་རྒྱལ་ཁ་ཡིན་པས་འབྲེལ་ཡོད་ཚང་མས་མུ་མཐུད་འབད་རྩོལ་གནང་རྒྱུ་གལ་ཆེ་ཞིག་ཆགས་ཡོད།

རྒྱ་གཞུང་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་སྐོར་གསལ་བཤད་ལན་འདེབས་བྱས་པའི་ནང་གཞི་རྩའི་ཆ་ནས་བདེན་དཔང་ར་འཕྲོད་གང་ཡང་བྱས་མེད་ཅིང་ཚིག་སྦྱོར་བེད་སྤྱོད་བྱེད་ཚུལ་འགྱུར་བ་བཏང་ནས་བཤད་ཀྱི་ཡོད། དཔེར་ན་ཕྱི་ལོ་ ༢༠༠༠ ལོའི་ནང་ཁོང་གི་བདེ་འཇགས་ཆེད་སྲུང་སྐྱོབ་བྱེད་ཀྱི་ཡོད། ཁོང་གང་དུ་ཡོད་པ་དེ་གསང་བ་ཡིན་ཞེས་བཤད་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༠ ལོའི་ནང་ཁོང་ནི་བོད་ཀྱི་བྱིས་པ་གཞན་ལྟར་སློབ་གྲྭར་འགྲོ་བཞིན་ཡོད་པ་དང་། རྒྱུན་ལྡན་གྱི་འཚོ་བ་རོལ་བཞིན་ཡོད་སྐོར་བརྗོད་ཡོད། ཕྱི་ལོ་ ༢༠༡༥ ལོའི་ནང་ཁོང་ད་ལྟ་ནར་སོན་ཡོད་པ་དང་། བདེ་ཐང་ཡོད་པ། མང་ཚོགས་དཀྱུས་མའི་འཚོ་བ་སྐྱེལ་ཞིང་། རྒྱུན་ལྡན་གྱི་བྱིས་པ་ལྟར་སློབ་སྦྱོང་གི་གོ་སྐབས་ཆ་ཚང་སྤྲོད་མུས་ཡོད། དེར་བརྟེན་ཕྱིའི་ཤུགས་རྐྱེན་གྱིས་སུན་གཙེར་བཟོ་སྐབས་ཁོང་མཉེས་པོ་གནང་གི་མི་འདུག་ཅེས་བཤད་ཡོད། ཕྱི་ལོ་ ༢༠༢༠ ལོའི་ནང་ཆུང་བྱིས་པའི་དུས་ནས་སློབ་སྦྱོང་གི་གོ་སྐབས་ཐོབ་ཡོད་པ་མ་ཟད། ད་ཆ་མཐོ་སློབ་མཐར་སོན་ཏེ་ལས་གནས་སུ་ཞུགས་ཡོད་པར་བརྗོད་ཡོད། ཁོང་དང་ཁོང་གི་ནང་མི་ཚོས་རྒྱུན་ལྡན་གྱི་འཚོ་བ་སྐྱེལ་བཞིན་པའི་སྐབས་ཕྱི་ནས་སུན་གཙེར་བཟོ་མཁན་ཚོ་ལ་འདོད་བབ་རྩ་བ་ནས་མེད་སྐོར་བཤད་པ་ཙམ་ལས། དོན་དུ་དཔང་རྟགས་དང་ཞིབ་ཕྲ་གང་ཡང་གསལ་བཤད་བྱ་རྒྱུ་མེད་སྟབས། བོད་མི་གཙོས་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་ཡོངས་ནས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་རྒྱའི་བཙོན་འོག་ཏུ་བཀག་ཉར་བྱས་ཡོད་པར་ངོས་འཛིན་མི་བྱེད་ཀ་མེད་ཆགས་ཀྱི་ཡོད། ༸གོང་ས་མཆོག་གི་ཕྱག་དེབ་གསར་པ་བོད་དང་བོད་མིའི་མགྲིན་ཚབ་ཅེས་པའི་ནང་། ངོས་ལ་མཁྱེན་རྒྱ་ཡངས་པའི་མི་སྣ་ཞིག་ཐེ་བའི་རྒྱ་རིགས་ཁ་ཤས་ཀྱིས། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རྒྱ་ནག་སྐམ་ས་ཆེན་པོའི་དམག་མིའི་རྟེན་གཞི་ཞིག་ཏུ་བཟང་བཙོན་གྱི་རྣམ་པར་ཉར་ཡོད་ཚུལ་བརྗོད་བྱུང་། ཞེས་གསུངས་ཡོད། མདོར་ན་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ད་ལྟ་གང་དུ་བཞུགས་ཡོད་མེད་དང་། སྐུ་ཡོན་གསན་བཞེས་དང་། མཛད་སྤྱོད་ཇི་འདྲ་གནང་གི་ཡོད་མེད་སོགས་ཀྱི་ཐད་བོད་དང་བོད་མི་གཙོས་འཛམ་གླིང་མི་མང་གི་མདུན་དུ་རྒྱ་གཞུང་གིས་གསལ་པོ་བཟོ་དགོས་པ་གོ་སྐབས་འདི་བརྒྱུད་ནས་ནན་བསྐུལ་བྱ་རྒྱུ་ཡིན།

རང་ཅག་བཙན་བྱོལ་བའི་དུས་ཡུན་འདིའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་དང་། གནས་ཡུལ་རྒྱ་གར་གཞུང་དང་མི་མང་བཅས་ཀྱི་བཀའ་དྲིན་འོག་དཔེར་ན་སྦེལ་ཀོབ་གཞིས་ཆགས་ལྟ་བུ་མཚོན་ན་བོད་ཀྱི་ཆོས་དང་རིག་གཞུང་གི་བསྟི་གནས་ལྟ་བུ་ཆགས་ཡོང་གི་ཡོད། དེས་མཚོན་པའི་གདན་ས་ཁག་དང་། གཞིས་ཆགས་གཞན་ཁག སེར་སྐྱ་མི་མང་བཅས་ནས་མུ་མཐུད་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག བོད་ཀྱི་བདེན་པའི་འཐབ་རྩོད་བཅས་ལ་ཞབས་འདེགས་ཞུ་རྒྱུའི་འདུན་པ་བརྟན་པོ་འཆང་སྟེ་སོ་སོས་གང་འཇོན་གྱིས་ཞབས་ཏོག་སྒྲུབ་དགོས་པ་གལ་ཆེ་ཞིག་ཆགས་ཡོད་པས་ཚང་མས་དེ་ལྟར་གནང་རོགས་ཞེས་ཞུ་རྒྱུ་ཡིན།

བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་ནས་མཁན་པོའི་མཛད་ཁུར་བཞེས་པའི་ལས་ཡུན་ནང་བསྟན་པ་སྤྱི་དང་། བྱེ་བྲག་གདན་ས་འདི་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་སློབ་གཉེར་གནང་ཕྱོགས་སོགས་གང་ཅིའི་ཐུགས་འགན་ཆེ་བཞེས་ཀྱིས་ཕྱག་ལས་གཟེངས་སུ་ཐོན་པ་གནང་སོང་བས་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་དང། དེ་བཞིན་མུ་མཐུད་མཁན་བླ་འདུས་མང་ཚང་མས་གདན་ས་འདིའི་བཤད་སྒྲུབ་ཆོས་སྤྱོད་ཀྱི་བྱ་བ་རྣམས་དར་རྒྱས་ཡུན་གནས་ཡོང་བའི་མཛད་ཁུར་དམིགས་བསལ་བཞེས་དགོས་པ་གལ་ཆེ་ཞིག་ཆགས་ཡོད།

མཐའ་དོན་ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་རྒྱའི་བཙོན་འོག་ནས་གློད་གྲོལ་གྱིས་གང་གི་སྐྱོང་ཡུལ་གདན་ས་བཀྲ་ཤིས་ལྷུན་པོའི་གསེར་ཁྲིར་ཕེབས་ཤིང་། སྐུ་ཕྲེང་གོང་མའི་མཛད་པ་འཕྲོ་སྐྱོང་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་ཅིང་། ༸རྒྱལ་བ་ཡབ་སྲས་རྣམ་གཉིས་ཞལ་འཛོམས་ཀྱིས་བསྟན་འགྲོའི་ཕན་བདེ་རྒྱས་ཤིང་བཀྲ་ཤིས་པའི་ཉིན་མོ་ཞིག་གང་མྱུར་འཆར་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུངས་གནང་ཡོད།

དེ་བཞིན་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་རྣམ་གཉིས་ནས་གསུང་བཤད་དང་། ༸སྐྱབས་རྗེ་མཁན་རིན་པོ་ཆེ་གཟིགས་རྒྱབ་སྤྲུལ་སྐུ་མཆོག་ནས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་སྤེལ་བའི་ཡོངས་ཁྱབ་གསལ་བསྒྲགས་སྒྲོགས་སྦྱང་། སྐད་ཡིག་སློབ་དཔོན་རྒན་ན་ག་སངས་རྒྱས་བསྟན་དར་ལགས་དང་། བརྡ་སྤྲོད་སློབ་དཔོན་རྒན་སྐལ་བཟང་ཨེ་ལགས། རྩོམ་རིག་སློབ་དཔོན་འབུམ་རམས་པ་ཨ་འབྲུག་དཀོན་མཆོག་ལགས་བཅས་ནས་གསུང་བཤད། མཐར་གདན་ས་བཀྲ་ཤིས་ལྷུན་པོའི་བླ་སྤྱི་ལྷན་ཁང་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་སོང་།

གཞན་ཡང་སྐབས་དེར་བཀྲ་ཤིས་ལྷུན་པོའི་སློབ་གཉེར་བ་ཁག་ཅིག་ནས་༸པཎ་ཆེན་རིན་པོ་ཆེའི་མཛད་རྣམ་བོད་ཨིན་ཧིན་གསུམ་གྱི་ཐོག་སྙན་སྒྲོན་དང་། ཨ་རིའི་མང་གཙོ་ལྟེ་གནས་ཁང་ནས་༸པཎ་ཆེན་རིན་པོ་ཆེ་མཆོག་ལ་ལ་ཕུལ་བའི་མང་གཙོའི་གཟེངས་རྟགས་མང་ཚོགས་ལ་སྤྱན་འབུལ། གདན་ས་བཀྲ་ཤིས་ལྷུན་པོའི་ཚོགས་སྡེ་ཁག་ནས་པར་སྐྲུན་ཞུས་པའི་ཕྱག་དེབ་ཁག་ཅིག་དབུ་འབྱེད། སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་རྣམ་པར་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས་ཕུལ་བ།

༸སྐུའི་གོ་སྟོན་སྲུང་བརྩིའི་ཆ་ཤས་སུ་བཀྲ་ཤིས་ལྷུན་པོ་སློབ་གཉེར་བ་སྙན་རྩོམ་དང་དཔྱད་རྩོམ་རྩེ་ཕུད་སོན་པ་དང་། དཔལ་ལྡན་གསང་སྔགས་རྒྱུད་པ་ཚང་གི་ལོ་འཁོར་སྔགས་ཀྱི་རྩོད་རྒྱུགས་དང་བྲིས་རྒྱུགས་རྩེ་ཕུད་སོན་པ། གཞུང་ཆེན་བློ་འཛིན་རྒྱུགས་སྤྲོད་ནང་མཉམ་ཞུགས་གནང་མཁན་སློབ་གཉེར་བ་རྩེ་ཕུད་རྣམས་ལ་གསོལ་རས་གནང་བ། དེ་བཞིན་སློབ་གྲྭ་དང་ས་གནས་མི་མང་ནས་རིག་གཞུང་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་བཅས་གནང་སོང་།
