༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་གཞུང་འབྲེལ་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །དེ་རིང་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་༼དགེ་འདུན་ཆོས་ཀྱི་ཉི་མ།༽ མཆོག་དགུང་གྲངས་ ༣༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་མོ་འདི་བོད་གཞིས་བྱེས་གཉིས་སུ་གནས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་དགའ་བསུའི་ཉིན་མོ་གལ་ཆེ་ཞིག་ཆགས་ཡོད། ཡིན་ནའང་ཡང་སྲིད་རིན་པོ་ཆེའི་ཞལ་མཇལ་གསུང་ཐོས་ཙམ་ཡང་མེད་པར་ལོ་ངོ་བཅུ་ཕྲག་འགའ་ཤས་ཕྱིན་པ་ནི་བོད་ཁ་བ་རི་པ་རྣམས་ལ་སྐྱོ་གདུང་གི་ཚོར་བ་སྦྱིན་པའི་དུས་ཚོད་གཅིག་ཀྱང་ཆགས་ཡོད།

ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་ ༼དགེ་འདུན་ཆོས་ཀྱི་ཉི་མ་༽ མཆོག་ཕྱི་ལོ་ ༡༩༨༩ ཟླ་ ༤ ཚེས་ ༢༥ ས་སྦྲུལ་བོད་ཟླ་ ༣ ཚེས་ ༡༩ ཉིན་བོད་ནག་ཆུ་ཁུལ་ལྷ་རི་རྫོང་ཁོངས་ཡབ་དཀོན་མཆོག་ཕུན་ཚོགས་དང་། ཡུམ་བདེ་ཆེན་ཆོས་སྒྲོན་གཉིས་ཀྱི་སྲས་སུ་༸སྐུ་འཁྲུངས། ༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་དང་། ༸པཎ་ཆེན་སྐུ་ཕྲེང་རིམ་བྱོན་རྣམས་བླ་སློབ་དང་། ཕན་ཚུན་ཡང་སྲིད་ངོས་འཛིན་གནང་རེས་བཅས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་བཞིན། ༸གོང་ས་མཆོག་ནས་ཐུགས་འཁུར་ཆེ་བཞེས་ཀྱིས་བོད་ཀྱི་སྲོལ་རྒྱུན་དང་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ལྟར་ལོ་ནས་ལོ་སྦྲེལ་བརྟག་དཔྱད་ནན་ཏན་རིམ་པར་གནང་མཐར། བོད་ཤིང་ཕག་ཟླ་ ༣ ཚེས་ ༡༥ ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་ཐོག་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་ཞེས་མཚན་གསོལ་ཞིང་། ༸ཞབས་བརྟན་གསོལ་འདེབས་བཞེད་དོན་ལྷུན་འགྲུབ་ཅེས་པ་ལྗགས་རྩོམ་མཛད་ཡོད། དེ་བསྟུན་ཡང་སྲིད་གཏན་འཁེལ་གྱི་གསལ་བསྒྲགས་བསྐྱངས།

༸གོང་ས་མཆོག་གིས་ཡང་སྲིད་ངོས་འཛིན་གནང་བའི་གསལ་བསྒྲགས་དེར་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་དམར་གཞུང་གིས་ཁྲིམས་འགལ་ནུས་མེད་ཡིན་ལུགས་སོགས་རང་སྣང་གང་དྲན་གྱི་ལོག་བཤད་བྱས་པ་ཙམ་དུ་མ་ཟད། སྐབས་དེར་དགུང་གྲངས་དྲུག་ལ་སོན་པའི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་ ༼དགེ་འདུན་ཆོས་ཀྱི་ཉི་མ་༽ མཆོག་དང་། ཁོང་གི་ཡབ་ཡུམ་སྐུ་འཁོར། ༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྩད་ཞིབ་ཚོགས་ཆུང་གི་ཚོགས་གཙོ་བྱ་བྲལ་རིན་པོ་ཆེ་བཅས་རྒྱ་ནག་དམར་གཞུང་གིས་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཏེ་ད་ཆ་ལོ་ངོ་ ༢༩ འཁོར་བཞིན་ཡོད། ཆོས་ལ་ཡིད་ཆེས་དང་ཁས་ལེན་རྩ་བ་ནས་མི་བྱེད་མཁན་རྒྱ་ནག་དམར་པོའི་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་ཚབ་ཏུ་ཁྱེའུ་གཞན་ཞིག་ཡང་སྲིད་ཡིན་ཁུལ་གྱིས་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ནར་ངན་གཤོམ་བྱས་ཀྱང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་མཛད་པ་དེར་གཞིས་བྱེས་བོད་མི་ཡོངས་དང་འཛམ་གླིང་ཁྱོན་གྱི་ནང་པ་ཚོས་ཡང་སྲིད་འཁྲུལ་བྲལ་ཡིན་པ་ངེས་རྙེད་བྱུང་བར་འགྱུར་བ་རྩ་བ་ནས་གཏོང་ཐབས་མེད་པ་མ་ཟད། ཁོང་ལ་བཅངས་པའི་དད་དམ་ལ་བསྲེས་ལྷད་ནམ་ཡང་མེད་པར་བརྟན་པོ་གནས་ངེས་ཡིན།

༸པཎ་ཆེན་སྐུ་གོང་མ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་རྗེ་བཙུན་བསྟན་འཛིན་འཕྲིན་ལས་འཇིགས་མེད་ཆོས་ཀྱི་དབང་ཕྱུག་དཔལ་བཟང་པོ་མཆོག་ནི་དུས་རྟག་ཏུ་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་སྙིང་སྟོབས་དང་ལྷག་བསམ་ཞུམ་པ་མེད་པར་གནས་ཤིང་། བོད་ས་ཡོངས་སུ་བོད་མི་རྣམས་རྒྱ་ནག་གཞུང་གི་བཙན་འོག་ཏུ་དཀའ་སྡུག་ཇི་འདྲ་མྱོང་བཞིན་པའི་སྐོར་ཕྱི་ལོ་ ༡༩༦༢ ཟླ་ ༥ ཚེས་ ༡༨ ཉིན་རྒྱ་ནག་གི་སྲིད་བློན་ཀྲའོ་ཨེན་ལའི་ལ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཕུལ་གནང་། དེ་ལ་བརྟེན་ནས་རྒྱ་ནག་དམར་ཤོག་ཚོགས་པས་༸པཎ་ཆེན་རིན་པོ་ཆེ་མཆོག་ལ་འཐབ་འཛིང་དང་སྐྱོན་བརྗོད་ཤུགས་ཆེ་བྱས་པ་མ་ཟད། མི་ལོ་ ༩ དང་ཟླ་ངོ་ ༡༠ ཙམ་རིང་རྒྱ་ནག་པེ་ཅིང་དུ་བཙོན་ཁང་ནང་བཀག་ཉར་འོག་བཞུགས་དགོས་བྱུང་ཡོད། མཐར་བཙོན་གྲོལ་བྱུང་བ་དང་བོད་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པར་ཞབས་ཏོག་གང་ལེགས་གནང་ཞིང་། ལྷག་པར་དུ་བོད་ཀྱི་སྐད་ཡིག་ཐད་ཚེ་སྲོག་གསར་པ་ཞིག་བསྐྲུན་གནང་བ་སོགས་ཧ་ཅང་མཛད་རྗེས་ཆེ་བས་བོད་མིར་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་ཞིག་ཡིན།

ཡང་སྲིད་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་གྲངས་དྲུག་ནས་རྒྱ་ནག་དམར་གཞུང་གིས་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་བཏང་ནས་ད་ཆ་ལོ་ངོ་ ༢༩ འཁོར་ཞིང་། དེ་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་གི་གྲོས་མཐུན་དོན་ཚན་ཁག་གི་འབྲུ་དོན་དང་འགལ་འཚབ་ཆེན་པོར་གྱུར་ཡོད། ཁོང་ནི་སྐབས་དེ་དུས་འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་ (Prisoner of Conscience) ཆུང་ཤོས་དེ་ཆགས་ཡོད། ཡང་སྲིད་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ནས་བཙན་ཁྲིད་བྱས་པ་ནས་བཟུང་ལོ་འཁོར་མོའི་རིང་རྒྱ་ནག་དམར་གཞུང་གིས་བཙན་ཁྲིད་བྱས་པར་ངོས་ལེན་བྱས་མེད། ཕྱི་ལོ་ ༡༩༩༦ ཟླ་ ༥ པའི་ནང་གཞི་ནས་རྒྱ་ནག་དམར་གཞུང་གིས་ཁོང་གི་ཕ་མ་གཉིས་ནས་ཞུ་སྐུལ་བྱུང་ལུགས་ཀྱིས་གཞུང་གི་སྲུང་སྐྱོབ་འོག་བཀག་ཉར་བྱེད་བཞིན་ཡོད་ཚུལ་བརྗོད་པ་དེས་བཙན་ཁྲིད་བྱས་པ་གསལ་པོ་ར་འཕྲོད་བྱུང་ཡོད། འོན་ཀྱང་ཡང་སྲིད་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡིན་མིན་གནས་སྟངས་རྟོག་ཞིབ་སླད་གཞུང་འབྲེལ་སྒྲིག་འཛུགས་ཁག་དང་། འབྲེལ་ཡོད་ཚོགས་པ་ཁག གཞུང་འབྲེལ་མ་ཡིན་པའི་སྒེར་གྱི་རྟོག་ཞིབ་པ་སོགས་སུ་གང་ལ་ཡང་ད་བར་ཞལ་མཇལ་ཞུ་རྒྱུའི་གོ་སྐབས་སྤྲད་མེད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་སོགས་ལ་རྩིས་མེད་རྡོག་རོལ་ཚབས་ཆེ་བཏང་དང་གཏོང་བཞིན་ཡོད།

ཡང་སྲིད་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི་བཅས་རྒྱ་ནག་དམར་གཞུང་གིས་གང་དུ་བཀག་ཉར་ཡོད་མེད་དང་སྐུ་གཟུགས་བདེ་ཐང་ཡིན་མིན་བཅས་ཀྱི་ཐད། བཙན་དབང་འོག་ནས་མི་སྣ་གར་སོང་ཆ་མེད་དུ་གྱུར་བའི་རྒྱལ་ཚོགས་རྩད་ཞིབ་ཚོགས་ཆུང་ (The UN Working Group on Enforced or Involuntary Disappearances) དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཆེད་ལས་ཚོགས་ཆུང་།(UN Committee on the Rights of the Child) རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་ཆེད་ལས་ཚོགས་ཆུང་།(The Special Rapporteur on Freedom of Religion or Belief) རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་སྐུ་ཚབ།(The High Commissioner for Human Rights) འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡུག་སྦྱོང་མནར་གཅོད་ཉེན་སྐྱོབ་ཆེད་ལས་ཚོགས་ཆུང་ (The Committee against Torture) སོགས་ཀྱིས་སྐབས་དུས་སོ་སོར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་པ་དང་། འདྲི་རྩད་བྱས་པ། སྐྱོན་བརྗོད་སྙན་ཐོ་བཏོན་པ་སོགས་བྱུང་ཡོད་ན་ཡང་། རྒྱ་ནག་དམར་གཞུང་གིས་གཡོལ་ཐབས་ཁོ་ན་བྱས་དང་བྱེད་བཞིན་པ་ལས་གནས་སྟངས་ངོ་མ་ཇི་ཡིན་སུ་གང་ལ་མཁོ་སྤྲོད་མ་བྱས་པས་བྱེད་བབ་དེར་ཡིད་ཆེས་མེད་པ་མ་ཟད་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད།

༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་རྒྱ་ནག་དམར་གཞུང་གི་བཙན་བཟུང་འོག་ནས་མགྱོགས་མྱུར་གློད་བཀྲོལ་ཡོང་ཐབས་སུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་རྒྱལ་སྤྱིའི་གཞུང་དང་། སྒྲིག་འཛུགས་ཁག རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཞབས་ཞུ་ཁང། གྲོས་ཚོགས་འཐུས་མི་སྒེར་སོགས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་རིན་པོ་ཆེ་མཆོག་གང་མྱུར་གློད་བཀྲོལ་དགོས་པའི་འབོད་སྐུལ་ཡང་ཡང་གནང་ཡོད། ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་དང་། བྱེས་འཁོད་གདན་ས་བཀྲ་ཤིས་ལྷུན་པོ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་སོགས་ནས་རྒྱལ་སྤྱིའི་སྲིད་གཞུང་དང་། གྲོས་ཚོགས་འཐུས་མི་སོགས་ལ་པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི། བྱ་བྲལ་རིན་པོ་ཆེ་མཆོག་བཅས་རྒྱའི་བཙན་འོག་ནས་གང་མྱུར་གློད་བཀྲོལ་ཡོང་ཐབས་ལ་རྒྱབ་སྐྱོར་ཡོང་བའི་ཞུ་གཏུག་རབ་དང་རིམ་པ་བྱས་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐོག་ནས་རྒྱལ་སྤྱིའི་ནང་ཆེད་གཉེར་གྱིས་ཞུ་གཏུག་བྱས་ཡོད་པ་མ་ཟད། གྲོས་ཚོགས་ནམ་ཚོགས་སྐབས་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་བརྒྱུད་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་འབོད་སྐུལ་རབ་དང་རིམ་པ་བྱས་དང་བྱེད་བཞིན་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་མཛད་གནང་བའི་བཀའ་དྲིན་ཡིད་ལ་དྲན་བཞིན་དུ། ཡང་སྲིད་རིན་པོ་ཆེ་མཆོག་གི་གནས་སྟངས་གསལ་རྟོགས་ཐུབ་སླད་འབྲེལ་ཡོད་ཚང་མས་སྔར་ལྷག་སེམས་ཤུགས་ཆེ་བསྐྱེད་ཀྱིས་འབད་འབུངས་ཡོང་བའི་སྐུལ་མ་ཞུ་རྒྱུ་དང་། རྒྱ་ནག་དམར་གཞུང་ནས་ཀྱང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་སྐུ་འཁོར་བཅས་པའི་གནས་བབ་ངེས་པར་དུ་ཕྱི་གསལ་ནང་གསལ་བཟོ་དགོས་པ་ནན་སྐུལ་བྱ་རྒྱུ་ཡིན།

༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བརྩུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་སྐུ་ཁམས་གསལ་བཞུགས་ཐོག་རྒྱ་ནག་དམར་གཞུང་གི་བཙན་གནོན་འོག་ནས་མགྱོགས་ནས་མྱུར་དུ་གློད་བཀྲོལ་ཡོང་བ་དང་། བོད་མི་དང་ནང་པ་ཡོངས་ནས་རིན་པོ་ཆེ་མཆོག་གི་གསེར་ཞལ་མྱུར་དུ་མཇལ་ཞིང་༸སྐུ་གོང་མའི་མཛད་པ་བདག་གིར་སྐྱོང་བཞེས་ཡོང་བའི་སྨོན་ལམ་གསོལ་འདེབས་ཤུགས་དྲག་ཞུ་བཞིན་ཡོད།

མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁམས་གསུམ་སྐྱེ་འགྲོ་ཀུན་དང་། ལྷག་པར་དུ་བདག་ཅག་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རབ་གནས་ཤིང་འབྲུག་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༥ ལ།།