༧སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་མཆོག་གི་སྐུ་གདུང་རིན་པོ་ཆེ་གདན་ཞུ་དང་དགོངས་རྫོགས་སྒྲུབ་མཆོད་ཐོག་བོད་མི་མང་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་རྣམ་གཉིས་མཉམ་ཞུགས་གནང་བ།

༄༅། ། ཕྱི་ལོ ༢༠༢༣ ཟླ་ ༡ ཚེས་ ༨ ཉིན་སྔ་དྲོ་བོད་མི་མང་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་རྣམ་གཉིས་བཞུགས་སྒར་རྡ་ས་ནས་སྡེ་ར་ལྡུན་དཔལ་ངོར་ཨེ་ཝཾ་ཆོས་ལྡན་ཆེན་མོའི་ཡན་ལག་དཔལ་ས་སྐྱའི་གསང་ཆེན་རྒྱུད་གྲྭར་ཕེབས་ཐོན་གྱིས། ས་གནས་སུ་འབྱོར་འཕྲལ་མཁན་པོ་ངག་དབང་བཀྲ་ཤིས་མཆོག་གིས་ཕེབས་བསུའི་སྣེ་ལེན་ཞུས་གནང་བ་དང་། ཕྱི་དྲོ་༧སྐྱབས་རྗེ་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་འཁོན་གདུང་ཨ་བྷ་ཡ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་གཙོས་སྐུ་འཁོར་ལྷན་རྒྱས་དཔལ་ས་སྐྱའི་གསང་ཆེན་རྒྱུད་གྲྭར་ཆིབས་བསྒྱུར་གནང་སྐབས། དཔལ་ས་སྐྱའི་བོད་མི་མང་སྤྱི་འཐུས་རྣམ་གཉིས་ཕེབས་བསུར་ཆེད་བཅར་ཞུས་གནང་ཡོད།

ཕྱི་ཚེས་ ༩ ཉིན་༧སྐྱབས་རྗེ་ཀླུ་ལྡིང་མཁན་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་ཐར་རྩེ་མཁན་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་གཙོས་སྐུ་འཁོར་དང་། རྒྱ་གར་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག་བཅས་ཀྱིས་༸སྐྱབས་མཆོག་བདེ་བར་གཤེགས་པ་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་གི་སྐུ་གདུང་རིན་པོ་ཆེ་གནས་མཆོག་རྡོ་རྗེ་གདན་ནས་གདན་ས་ངོར་དཔལ་ཨེ་ཝཾ་ཆོས་ལྡན་དུ་གདན་འདྲེན་ཞུས་པ་དང་། སྐུ་གདུང་རིན་པོ་ཆེ་སྡེ་ར་ལྡུན་གནམ་ཐང་ནང་དུ་ཕེབས་འབྱོར་སྐབས། དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ ༤༢ དང་། ཁྲི་འཛིན་ ༤༣ རྣམ་པ་གཉིས་དང་། སྐྱབས་རྗེ་འཁོན་གདུང་རྣམ་པ།  བདག་མོ་སྐལ་ལྡན་མཆོག་བཅས་ནས་༧སྐུ་གདུང་རིན་པོ་ཆེ་ཕེབས་བསུ་དང་།

ཕེབས་འཁོར་ཐོག་ཏུ་བཞག་ནས་གནམ་ཐང་ཕྱི་ལ་གདན་ཞུས་སྐབས། དགོན་སྡེ་གྲྭ་ཚང་ཁག་གི་མཁན་སྤྲུལ་རྣམ་པ་དང་བཤད་གྲྭ་ཁག་གི་མཁན་ཆེན་རྣམ་པ། དཔལ་ས་སྐྱའི་བོད་མི་མང་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་རྣམ་གཉིས་བཅས་ནས་ཕེབས་བསུ་དང་། གནམ་ཐང་ནས་གདན་ས་དཔལ་ངོར་ཨེ་ཝཾ་ཆོས་ལྡན་ཆེན་པོར་གདན་ཞུས་སྐབས། ཕེབས་ལམ་དུ་གདན་ས་ཁག་ནས་ཕེབས་བསུ་སེར་སྦྲེངས་ཞུས། དགོན་པའི་མདུན་ཐང་དུ་འབྱོར་རྗེས། ༧སྐྱབས་མགོན་༧གོང་མ་ཁྲི་འཛིན་རྣམ་གཉིས་དང་། འཁོན་གདུང་རྣམ་པ།  རྗེ་བཙུན་མ། ངོར་མཁན་པོ་ཁྲི་པ་རྣམ་གཉིས།  བཅོ་བརྒྱད་ཁྲི་པ་རྣམ་གཉིས།  ཞབས་དྲུང་རྣམ་པ།  སྤྱི་འཐུས་རྣམ་པ་གཉིས་བཅས་ཀྱིས་༧སྐུ་གདུང་རིན་པོ་ཆེ་གཙུག་ལག་ཁང་དུ་གདན་ཞུས་གནང་བ་དང་།

གཙུག་ལག་ཁང་དུ་དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ཕེབས་བསུ་གནང་རྗེས།   སྐུ་གདུང་རིན་པོ་ཆེ་མཆོག་ལ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་མཇལ་དར་ཕུལ་བ་དང་། རིམ་པས། དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་རྣམ་གཉིས་དང་། འཁོན་གདུང་རྣམ་པ། རྗེ་བཙུན་མ།  ངོར་མཁན་པོ་ཁྲི་པ་རྣམ་གཉིས། བཅོ་བརྒྱད་ཁྲི་པ་རྣམ་གཉིས།  རྒྱལ་ཡུམ་ཆེན་མོ་དང་བདག་མོ་སྐལ་ལྡན་མཆོག གྲའུ་མཻ་རྒན་སྤྲུལ་སྐུ།  གསང་ཆེན་རྒྱུད་གྲྭའི་མཁན་པོ་དཀོན་མཆོག་རྒྱལ་མཚན་མཆོག རྒྱ་གར་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག དཔལ་ས་སྐྱའི་བོད་མི་མང་སྤྱི་འཐུས་རྣམ་གཉིས་བཅས་ནས་སྐུ་གདུང་རིན་པོ་ཆེར་མཇལ་ཁ་དང་། མཇལ་དར་ཕུལ་གནང་ཡོད། དེ་རྗེས་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་མཆོག་དང་། ཁྲི་འཛིན་རྣམ་པ་གཉིས།  ངོར་མཁན་པོ་ཁྲི་པ་རྣམ་གཉིས་བཅས་ཀྱིས་ཆོ་ག་གསུམ་བསྐྱེད་སྒོ་ནས་སྒྲུབ་གཏོར་ཆུ་ཚོད་གསུམ་གནང་ཡོད་པ་རེད།

ཕྱི་ཚེས་  ༡༠ ཉིན་སྔ་དྲོ་ཆུ་ཚོད་ ༢།༣༠ ནས་ངོར་ཨེ་ཝཾ་ཆོས་ལྡན་གྱི་གཙུག་ལག་ཁང་དུ་དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ ༤༢ པ་མཆོག་དབུ་བཞུགས་ཐོག ༧སྐྱབས་རྗེ་འཁོན་གདུང་ཨ་བྷ་ཡ་མཆཽག་དང་། སྐྱབས་རྗེ་བཅོ་བརྒྱད་ཁྲི་པ་ ༢༦ པ་མཆོག བཤད་གྲྭ་ཁག་གི་མཁན་ཆེན་རྣམ་པ་བཞི་བཅས་དང་། དགེ་འདུན་བརྒྱ་ཕྲག་གཅིག་ཙམ་གྱིས་སྒྲུབ་མཆོད་ཚོགས་གནང་བ་དང་། སྐབས་དེར་དཔལ་ས་སྐྱའི་བོད་མི་མང་སྤྱི་འཐུས་རྣམ་གཉིས་དཔལ་ཀྱཻ་རྡོ་རྗེ་སྒྲུབ་མཆོད་ཐོག་མཉམ་ཞུགས་གནང་ཡོད།

ཉིན་རྒྱབ་ནས་སྒྲུབ་མཆོད་ཁག་གི་ཆོ་ག་སོ་སོའི་དཀྱིལ་འཁོར་རྡུལ་མཚོན་བཞེངས་གནང་བ་དང་། ཕྱི་ཚེས ༡༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ནས་མུ་མཐུད་དཔལ་ས་སྐྱའི་༧སྐྱབས་མགོན་གོང་མ་ཁྲི་འཛིན་ ༤༢ པ་མཆོག་དབུ་བཞུགས་ཐོག་ནས་དཔལ་ཀྱཻ་རྡོ་རྗེའི་སྟ་གོན་སྒྲུབ་མཆོད་གནང་ཡོད། སྤྱི་འཐུས་རྣམ་གཉིས་ཀྱིས་དཔལ་ཀྱཻ་རྡོ་རྗེ་སྒྲུབ་མཆོད་ཀྱི་སྟ་གོན་དང་དངོས་གཞི་བཅས་ཆ་གཅིག་སྒྲུབ་ཞག་གནང་འདུག དེ་ཉིན་དགོང་དྲོ་ཆུ་ཚོད ༧།༣༠ ལ་སྒྲུབ་མཆོད་གྲོལ་གནང་ཡོད་འདུག

སྤྱིར་བཏང་ཕྱི་ལོ་ ༢༠༢༢ ཟླ་ ༡༢ པའི་ཚེས་ ༢༨ ནས་དབུ་བཙུགས་ཏེ་སྒྲུབ་མཆོད་དགུང་ཞག་བཞི་བཅུ་ཞེ་དགུའི་བར་དུ་ཡོད་ནའང་།   ཕྱི་ལོ་ ༢༠༢༣ ཟླ་ ༡ པོའི་ཚེས་ ༡༠ ནས་ཉིན་ལ་བླ་མེད་ཕ་རྒྱུད་གསང་འདུས་མི་བསྐྱོད་པའི་སྒྲུབ་མཆོད་དང་།  མ་རྒྱུད་བདེ་མཆོག་ལཱུ་ནག་གཉིས་ཀྱི་སྒྲུབ་མཆོད།  གསང་འདུས་འཇམ་དཔལ་རྡོ་རྗེ།   གཉིས་མེད་ཀྱི་རྒྱུད་དཔལ་ཀྱཻ་རྡོ་རྗེའི་སྒྲུབ་མཆོད།  གུར་གྱི་སྒྲུབ་མཆོད།  སམྦུ་ཊའི་སྒྲུབ་མཆོད་བཅས་ངོར་ལུགས་དཀྱིལ་འཁོར་བདུན་གྱི་སྒྲུབ་མཆོད་དང།  ཀུན་རིག་གི་སྒྲུབ་མཆོད།  སྲུང་མའི་བསྐང་གསོའི་སྒྲུབ་མཆོད།  བླ་མཆོད་ཀྱི་སྒྲུབ་མཆོད་བཅས་ངོར་ལུགས་དཀྱིལ་འཁོར་བདུན་དང་བསྐང་གསོ། ཀུན་རིག་དང་བླ་མཆོད། མཁའ་སྤྱོད་མ་བཅས་ཀྱི་སྒྲུབ་མཆོད་ཀྱི་འཚོགས་འཆར་འདུག

ཕྱི་ཚེས་ ༡༢ ཉིན་སྤྱི་འཐུས་རྣམ་པ་གཉིས་དཔལ་གསང་ཆེན་རྒྱུད་གྲྭ་ནས་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་ཡོད་པ་བཅས། །