༧སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་ལྷན་འཛོམས་ཐོག་སྨོན་ལམ་གསུང་འདོན་གནང་བ།

༄༅། །བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུ་ཕེབས་པའི་༧སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༥ ཟླ་ ༡༢ པའི་ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བདག་ཉིད་ཆེན་པོ་གྷན་དིའི་དྲན་རྟེན་བཞུགས་ཡུལ་ (Raj Ghat Memorial New Delhi) དུ། འཛམ་གླིང་ཞི་བདེ་དང་། ཆོས་ལུགས་མཐུན་འབྲེལ། བདེན་པ་ཉིད་རྒྱལ་བའི་ཕྱིར་འཛམ་གླིང་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་ལྷན་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གྱི་ལས་རིམ་ཞིག་བསྐྱངས་ཡོད་པ་རེད།

དེ་ཉིན་སྔ་དྲོའི་ལས་རིམ་ཐོག བཱ་ཧེ་ Baha’i ཆོས་ལུགས་ཀྱི་སྐུ་ཚབ་ལྕམ་སྐུ་ཏ་ནུ་ གྷན་དྷི་ (Ms. Tanu Gandhi from Baha’i) མཆོག་དང་། ནང་པའི་སྐུ་ཚབ་བྷན་ཊི་ ཝང་གྷི་ (Bante Wangi , Maha Bodhi Society) མཆོག ཡེ་ཤུའི་སྐུ་ཚབ་ནོར་བྷར་ཌི་ ཧར་མན་ (Dr. Fr. Norbert Herman, President of the Association of Catholic Enquiry Centres–India) མཆོག ཧིན་དྷུའི་སྐུ་ཚབ་ཌོ་ལི་ གྷུབ་ཏ་ (Ms. Dolly Gupta) མཆོག ཁ་ཆེའི་སྐུ་ཚབ་ཤབ་ ན་སེམ་ (Mr Shaab Naseem, Zakat Foundation of India) མཆོག ཇིའུ་སྐུ་ཚབ་ཨི་ཛེ་ཀེལ་ ཨི་སཀ་ མ་ལེ་ཀར་ (Dr. (Rabbi) Ezekiel Isaac Malekar, Head Priest of Judah Hyam Synagogue) མཆོག པར་སི་སྐུ་ཚབ་མ་རཛ་བྷན་ ན་རི་མན་ ཛེའི་ཝ་ལ་ (Rev. Marazban Nariman Zaiwalla, Zoroastrian Priest) མཆོག སིག་སྐུ་ཚབ་ཨ་ཇི་མིར་ སིངྒ་ (Mr Ajmer Singh, Interfaith Coalition for Peace) བཅས་ཀྱི་སྐུ་ཚབ་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྡི་ལི་བསམ་ཡས་གླིང་གི་ས་གནས་འགོ་འཛིན་རྡོ་རྗེ་ལགས་ཀྱིས་གཙོས་པའི་གནས་སྡོད་བོད་མི་ཁག་ཅིག་བཅས་ཕེབས་འདུག  

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ལས་རིམ་ངོ་སྤྲོད་གསུང་བཤད་སྐབས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་དང་། ཆོས་ལུགས་མཐུན་འབྲེལ། རྒྱལ་ཁབ་དང་། རིག་གཞུང་འདྲ་མིན་དབར་ཞི་བདེ་ཡོང་ཐབས་ཐོག་སྐུ་ངལ་བསྐྱོན་ཡོད་པའི་སྐོར་དང་། དེང་གི་དུས་སུ་ཆོས་ལུགས་མཐུན་འབྲེལ་བྱ་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་པ། ད་ལན་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གོ་སྒྲིག་ཞུས་པའི་སྨོན་ལམ་གསུང་འདོན་གྱི་ལས་རིམ་ཐོག་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་བཅས་ཞུས་གནང་འདུག

དེ་རྗེས་ནང་པ་དང་། བཱ་ཧེ།(Baha’i) ཡེ་ཤུ། ཧིན་དྷུ། ཇིའུ། པར་སི། ཁ་ཆེ། སིག་བཅས་ཀྱི་ཆོས་ལུགས་སྐུ་ཚབ་སོ་སོ་ནས་རིམ་པས་སྨོན་ལམ་གསུང་འདོན་ཞུས་རྗེས། དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོས་པའི་ཆོས་ལུགས་ཁག་གི་སྐུ་ཚབ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྣམ་པས་བདག་ཉིད་ཆེན་པོ་གྷན་དིའི་དྲན་རྟེན་བཞུགས་ཡུལ་ལ་མེ་ཏོག་གི་མཆོད་པ་ཕུལ་སོང་།

གཞི་རྩའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ནང་གི་གཉིས་པ་ཆོས་ལུགས་མཐུན་འབྲེལ་ཏེ། ཆོས་ལུགས་སོ་སོའི་ལྟ་གྲུབ་མི་འདྲ་བ་ཡིན་ཡང་སེམས་འདུལ་བ་ལ་བྱམས་པ་དང་བརྩེ་བ། བཟོད་པ། ཆོག་ཤེས། ཁྲིམས་སྲུང་བ་སོགས་ཚང་མ་གཅིག་གྱུར་ཡིན་སྟབས། ཆོས་ལུགས་ཁག་ཚང་མ་མཐུན་སྒྲིལ་བྱ་རྒྱུར་མགོན་པོ་གང་ཉིད་མཆོག་ནས་ཐུགས་ཁུར་ཆེར་བཞེས་གནང་གི་ཡོད་པ་ལྟར། ༧སྐུའི་གོ་སྟོན་དང་བསྟུན། ཆོས་ལུགས་མཐུན་འབྲེལ་དང་། འཛམ་གླིང་ཞི་བདེ། བདེན་པ་ཉིད་རྒྱལ་བའི་ཕྱིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་འདུ་འཛོམས་ཐོག་སྨོན་ལམ་གསུང་འདོན་གནང་བ་ཞིག་ཆགས་ཀྱི་ཡོད་པ་བཅས།