“༧རྒྱལ་བའི་ཐུགས་རྒྱུད་ལས་འཁྲུངས་པའི་མངོན་དགའ་སློབ་གྲྭ། ༧སྐུའི་བཀའ་དྲིན་རྗེས་སུ་དྲན་པ།” ཞེས་པའི་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།


༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༢༧ ཉིན་བདེ་སྐྱིད་གླིང་པོ་ཏཱ་ལ་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༢༢ འཁོར་བ་དང་བསྟུན། “༧རྒྱལ་བའི་ཐུགས་རྒྱུད་ལས་འཁྲུངས་པའི་མངོན་དགའ་སློབ་གྲྭ། ༧སྐུའི་བཀའ་དྲིན་རྗེས་སུ་དྲན་པ།”ཞེས་པའི་མཛད་སྒོ་ཞིག་ཚོགས་གནང་ཡོད།

སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་། གཞན་སྐུ་མགྲོན་དུ་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་། དམིགས་བསལ་དགོས་མཁོ་ཅན་ལ་ཞབས་ཞུ་སྒྲུབ་མཁན་རྒྱ་གར་གཞུང་གི་ཚོགས་པ་ (National Institute for Empowerment of Persons with Multiple Disabilities, (NIEPVD)) ཡི་འགན་འཛིན་འབུམ་རམས་པ་སྐུ་ཞབས་ཧི་མང་ཤུ་ དྷ་ས་ (Dr. Himangshu Das) མཆོག་དང་། ཚོགས་པའི་སེམས་ཁམས་རིག་པའི་སྡེ་ཚན་གྱི་འགན་འཛིན་འབུམ་རམས་པ་སྐུ་ཞབས་སུ་རེན་དྷར་ (Dr. Surendar- Head of Department of clinical psychology NIEPVD) མཆོག སྡེ་ར་ལྡུན་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས། ཨ་ཤ་སློབ་གྲྭའི་སློབ་སྤྱི་ལྕམ་སྐུ་ཨམ་བྷི་ཀ་ (Mrs. Ambika- Principal of Asha School) ལགས། དམིགས་བསལ་དགོས་མཁོ་ཅན་ལ་ཞབས་ཞུ་སྒྲུབ་མཁན་གཞུང་འབྲེལ་མིན་པའི་ཚོགས་པ་ (Raphael Center) ཡི་འགན་འཛིན་ལྕམ་སྐུ་པི་རི་ཡོ་ ལལ་ (Mrs.Priyo Lall) ལགས་བཅས་དང་། དེ་བཞིན་བདེ་སྐྱིད་གླིང་ས་གནས་མི་མང་དང་། མངོན་དགའ་སློབ་གྲྭའི་དགེ་ལས་བཅས་ཆེད་ཕེབས་གནང་འདུག

དེ་ཡང་མཛད་སྒོ་དངོས་གཞི་དབུ་འཛུགས་མ་གནང་སྔོན། མངོན་དགའ་སློབ་གྲྭའི་སྡེ་ཚན་སོ་སོ་ནས་པར་རིས་འགྲེམས་སྟོན་ཞིག་གནང་བར། སྐུ་མགྲོན་གཙོ་བོ་མཆོག་གིས་གཙོས་སྐུ་མགྲོན་རྣམ་པས་གཟིགས་སྐོར་གྲུབ་རྗེས། མཛད་སྒོ་དངོས་གཞི་དབུ་འཛུགས་གནང་ཞིང་། དེ་ཡང་ཐོག་མར་ཚང་མ་སྐུ་བཞེངས་ཐོག་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་བ་དང་། དེ་ནས་མངོན་དགའ་སློབ་གྲྭའི་དགེ་ཆེ་ཉི་མ་ལགས་ནས་འཚམས་འདྲིའི་གསུང་བཤད་དང་། འགན་འཛིན་བཀྲ་ཤིས་ཀུན་འཛོམས་ལགས་ཀྱིས་མངོན་དགའ་སློབ་གྲྭའི་སྐོར་ལ་ངོ་སྤྲོད་གསུང་བཤད་གནང་སོང་།

སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་གསུང་དོན་གཙོ་བོ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། སྨན་རྩིས་ཁང་ནས་དཔལ་འབྱོར་གྱི་མཐུན་འགྱུར་གནང་བའི་ཐོག་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭ་ཐོག་མར་ཇི་ལྟར་གསར་འཛུགས་གནང་སྟེ། དམིགས་བསལ་དགོས་མཁོ་ཅན་གྱི་བོད་ཕྲུག་རྣམས་ཁྱིམ་ལ་གཅིག་པུར་མ་བཞག་པར་སྤྱི་ཚོགས་ནང་ཇི་ལྟར་མཉམ་ཁྲིད་ཐུབ་པའི་སྐོར་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྟག་ཏུ་གཞན་ལ་བྱམས་བརྩེ་དང་། བཟོད་བསྲན། སེམས་པ་བཟང་པོ་བྱེད་དགོས་པའི་བཀའ་སློབ་ཕེབས་ཀྱི་ཡོད་པ་དང་། མགོན་པོ་གང་ཉིད་ཀྱི་བཀའ་སློབ་ཕེབས་པ་རྣམས་ཚང་མས་སོ་སོའི་ཉིན་རེའི་འཚོ་བའི་ནང་ལག་ལེན་བསྟར་བ་ཡིན་ན་བཀའ་དྲིན་རྗེས་དྲན་ངོ་མ་ཆགས་ཀྱི་ཡོད་སྐོར། དེ་བཞིན་ཚང་མས་སོ་སོའི་རྒྱལ་ཁབ་ཀྱི་རྒྱབ་ལྗོངས་ལོ་རྒྱུས་སོགས་མཁྱེན་རྟོགས་ཆེད་ “ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་།” སོགས་ཀྱི་ཕྱག་དེབ་ཀློག་དགོས་པ་གལ་ཆེན་པོ་ཡིན་པ་དང་། རྒྱ་ནག་དམར་གཞུང་འོག་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་གཞིས་བཞུགས་བོད་མི་ཚོའི་ཆེད་བཙན་བྱོལ་ནང་ཡོད་པའི་བོད་མི་ཚང་མས་རྡོག་རྩ་གཅིག་སྒྲིལ་ཐོག་ཆབ་སྲིད་ཀྱི་འགན་འཁྲི་ཁུར་དགོས་པ་སོགས་གསུངས་པ་མ་ཟད། མངོན་དགའ་སློབ་གྲྭའི་དགེ་ལས་ཡོངས་ནས་སྐུ་ལས་བསྐྱོན་པའི་འབྲས་བུར་དེ་གའི་སློབ་གྲྭའི་ནང་ཡོད་པའི་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་རྣམས་ཀྱི་ལུས་སེམས་གཉིས་ལ་བདེ་སྐྱིད་བསྐྲུན་ཐུབ་པར་བསྔགས་བརྗོད་དང་། ཆབས་ཅིག་ད་རེས་ཀྱི་མཛད་སྒོ་གལ་ཆེར་བརྩིས་ཏེ་ཕེབས་པའི་སྐུ་མགྲོན་ཡོངས་ལ་བསྔགས་བརྗོད་དང་། མ་འོངས་པར་དེ་འདྲའི་མཛད་སྒོའི་ཐོག་གཞོན་སྐྱེས་གང་མང་མཉམ་ཞུགས་གནང་ཐུབ་པའི་རེ་བ་ཞུས་གནང་འདུག

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གསུང་དོན་སྙིང་པོར། བོད་མི་ཚང་མས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་ལ་ཐོག་ལ་ཐུགས་སྣང་ཤུགས་ཆེ་ཙམ་གནང་དགོས་པ་དང་། ༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུར། ཚང་མས་ངེས་པར་དུ་མཐུན་སྒྲིལ་གནང་དགོས་སྐོར་གསུངས་འདུག

(NIEPVD) ཡི་འགན་འཛིན་འབུམ་རམས་པ་སྐུ་ཞབས་ཧི་མང་ཤུ་ དྷ་ས་ (Dr. Himangshu Das) མཆོག་གིས་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭ་དང་། ཤེས་ཡོན་གྱི་གལ་གནད་སྐོར་དང་། དེ་བཞིན་སྐུ་ཞབས་ཁོང་ནས་འབྱུང་འགྱུར་བོད་མིའི་སྒྲིག་འཛུགས་སམ་ཡང་ན་བོད་མིའི་བསྟི་གནས་གཞན་དང་ལྷན། མཉམ་འབྲེལ་ཐོག་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ནང་གི་ལས་བྱེད་ཀྱི་ནུས་པ་གོང་མཐོར་གཏོང་ཐབས་དང་། བོད་མིའི་སྤྱི་ཚོགས་ནང་ཡོད་པའི་དམིགས་བསལ་དགོས་མཁན་ཅན་གྱི་བོད་ཕྲུག་རྣམས་ཀྱི་གནས་སྟངས་ཡར་རྒྱས་གཏོང་ཐབས་གནང་རྒྱུ་ཡིན་སྐོར་སོགས་གསུངས་པ་དང་། དེ་བཞིན་སྐུ་ཞབས་ཁོང་གིས་ཁོང་ཉིད་དུས་རྒྱུན་ནས་༧གོང་ས་མཆོག་ལ་གུས་བརྩི་ཆེན་པོ་ཡོད་པ་དང་། མགོན་པོ་མཆོག་གི་མཛད་རྗེས་ལ་ཐུགས་རྗེ་ཆེ་ཞུས་གནང་རྗེས། མཐར་མངོན་དགའ་སློབ་གྲྭའི་དགེ་ཆེ་ཉི་མ་ལགས་ཀྱིས་ཐེངས་འདིའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་གཙོས་པའི་སྐུ་མགྲོན་རྣམ་པར་ཕྱག་རྟགས་ཕུལ་རྗེས། མཛད་སྒོ་གྲོལ་གནང་འདུག་པ་བཅས། །