༧རྒྱལ་བའི་གཟིགས་སྣང་དང་ཉམས་རྟོགས་སོགས་གཙོ་བོར་འཁོད་པའི་དཔེ་དེབ་གཉིས་དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༥ པའི་ཚེས་ ༢༢ ཉིན་གྱི་སྔ་དྲོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་མཆོག་བཅས་ནས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། ཉམས་ཞིབ་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་རྩོམ་སྒྲིག་གནང་བའི་༧རྒྱལ་བའི་གཟིགས་སྣང་དང་ཉམས་རྟོགས་སོགས་གཙོ་བོར་འཁོད་པའི་དཔེ་དེབ་གཉིས་དབུ་འབྱེད་གནང་སོང་།

དེ་བཞིན་དཔེ་དེབ་དབུ་འབྱེད་དང་འབྲེལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་བའི་མཛད་རིམ་འདིའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་ “༧གོང་ས་མཆོག་ནས་ཆོས་བརྒྱུད་རིས་མེད་ལ་གཟིགས་སྐྱོང་དང་ཆོལ་གསུམ་གཅིག་ཏུ་བསྒྲིལ་བར་མཛད་པའི་བཀའ་དྲིན་རྗེས་དྲན།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན། ཆོལ་གསུམ་གཅིག་བསྒྲིལ་ཟེར་བ་དེ་གོང་དུ་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་གསུངས་པ་ལྟར་རེད། ༧གོང་ས་ལྔ་པ་ཆེན་པོས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པའི་སྐབས་སུ་དགོངས་པའི་འཆར་སྣང་ལ། སྔོན་མ་ཆོས་རྒྱལ་ཚོའི་སྐབས་ཀྱི་ཆབ་སྲིད་སྐྱོང་སྟངས་དེ་འདྲ་ཞིག་ཡོང་རྒྱུའི་འཆར་སྒོ་འདྲ་པོ་རྨང་གཞི་བཏིང་པ་རེད་གསུངས་པ་དེར་ངས་རྒྱུ་མཚན་ཆེན་པོ་མཐོང་སོང་། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པའི་སྐབས་སུ་བོད་ཀྱི་གནས་སྟངས་དེ་ཧ་ཅང་གི་ཛ་དྲག་གཉན་འཕྲང་ཅན་ཞིག་ཆགས་བསྡད་ཡོད་རེད། ཕྱོགས་གཅིག་ནས་རྒྱ་ནག་གཞུང་གིས་བཙན་འཛུལ་དང་། ཕྱོགས་གཞན་ཞིག་ནས་སྐབས་དེའི་ང་ཚོའི་བོད་གཞུང་གི་ངོས་ནས་གྲ་སྒྲིག་ཞེ་པོ་ཡོད་མ་རེད། ཡིན་ནའང་༧སྐྱབས་མགོན་རིན་པོ་ཆེས་ཕྱོགས་ཡོངས་ལ་ཐུགས་ཞིབ་དང་རྒྱུས་ལོན་མཐིལ་ཕྱིན་གནང་སྟེ། སྔ་མོའི་གཞུང་གི་ལམ་ལུགས་ལ་མུ་མཐུད་བསྐྱོད་ན་མ་འོངས་པར་དཀའ་ངལ་འཕྲད་རྒྱུ་ཡིན་པར་གཟིགས་ནས་ལེགས་བཅོས་ཚོགས་ཆུང་ཞིག་བཙུགས་པ་དང་། དེ་བཞིན་སྤྱི་ཚོགས་ཀྱི་གནས་སྟངས་ལ་གཟིགས་ནས་རྒྱབ་རྩ་ཡོད་མེད་དང་། དཔལ་འབྱོར་ཤུགས་ཆེ་ཆུང་གི་ཐོག་ནས་མི་མང་ཉམ་ཆུང་ལ་དཀའ་ངལ་མི་ཡོང་སླད་གྱོད་ཞིབ་ཚོགས་ཆུང་བཙུགས་པ་སོགས་ཆབ་སྲིད་དང་། སྤྱི་ཚོགས་ཀྱི་བདེ་དོན་སླད་ལེགས་བཅོས་གཏོང་རྒྱུའི་དགོངས་པ་རྒྱ་ཆེ་བཞེས་ཡོད་ཀྱང་། སྐབས་དེ་དུས་རྒྱ་ནག་དབང་ཤུགས་བོད་ལ་སླེབས་པར་བརྟེན་ནས་དགོངས་པ་ཇི་བཞིན་ལམ་ལྷོངས་བྱུང་ཡོད་མ་རེད། དེས་མ་ཟད། ཕྱི་ལོ་ ༡༩༥༩ ལོར་༧གོང་ས་མཆོག་དང་། བོད་མི་ཁྲི་ཚོ་བརྒྱད་ཙམ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད་པ་དང་། བོད་མི་མང་བ་བོད་ལ་ལྷག་ནས་གཞིས་བྱེས་གཉིས་ཀྱི་གནས་སྟངས་ཆགས་ནས་དཀའ་ངལ་ཧ་ཅང་མང་པོ་ཞིག་འཕྲད་ཡོད་རེད། ཡིན་ནའང་བཙན་བྱོལ་ལ་ཕེབས་མ་ཐག་༧གོང་ས་མཆོག་གིས་དགོངས་པ་རྒྱ་ཆེན་པོ་བཞེས་ཤིང་། དེ་ཡང་ཕྱི་ལོ་ ༡༩༦༠ ཟླ་ ༢ པའི་ནང་བོད་ཆོལ་ཁ་གསུམ་ཆོས་བརྒྱུད་དང་བཅས་པའི་གནད་ཡོད་མི་སྣ་རྣམས་གནས་མཆོག་རྡོ་རྗེ་གདན་དུ་འཛོམས་ནས་ང་ཚོའི་འདས་པའི་གནས་སྟངས་ཚགས་ཚུད་མི་བྱུང་བའི་རྐྱེན་རྩ་གཙོ་བོ་དེ་ང་ཚོ་གཅིག་བསྒྲིལ་མེད་པ་དང་། ཚང་མས་ནུས་པས་མཉམ་སྤུངས་མ་བྱུང་བར་བརྟེན་ནས་སངས་རྒྱས་ཀྱི་བསྟན་པར་ཉམས་ཆག་དང་། དེ་བཞིན་ཆབ་སྲིད་ལའང་ཉམས་ཆག་བྱུང་ཡོད་པ་རེད། དུས་དེ་རིང་ནས་བཟུང་སྟེ། ༸གོང་ས་མཆོག་གིས་གང་གསུང་པ་བཀའ་གསུང་ཅི་སྒྲུབ་གནང་རྒྱུ་དང་། བོད་ཆོལ་ཁ་གསུམ་ཆོས་ལུགས་དང་བཅས་པས་ལྕགས་ཀྱི་གོང་བུ་ལྟར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཐོག་ཤར་བསྐྱོད་བྱེད་ཀྱི་ཡིན་ཞེས་བརྟན་ཞུགས་དང་འབྲེལ་མནའ་གན་མཐུ་མོ་ཆེ་བཞག་ཡོད། མང་ཚོགས་ཀྱི་ཐོག་ནས་༧གོང་ས་མཆོག་ལ་ཡིད་ཆེས་བློ་གཏད་ཆ་ཚང་ཞུ་ཡ་དང་། ༧གོང་ས་མཆོག་གིས་མ་འོངས་པའི་བོད་ཀྱི་ཆབ་སྲིད་དེ་བཞིན་མང་གཙོའི་ལམ་ལུགས་ཐོག་བསྐྱོད་རྒྱུའི་དགོངས་བཞེད་ལྟར། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་དང་། ཆོས་བརྒྱུད་ཆེན་པོ་བཞི་ནས་འཐུས་མི་གཅིག་རེ་འདེམས་དགོས་པའི་བཀའ་སློབ་བཀའ་དྲིན་སྩལ་བ་བཞིན། སྐབས་དེ་དུས་སྤྱི་འཐུས་ལྷན་ཚོགས་ཀྱི་མི་འགྲོ་བཅུ་གསུམ་ཡོད་པ་དེས། ལོ་དེའི་ཟླ་བ་ ༩ ཚེས་ ༢ ལ་སྤྱི་འཐུས་སྐབས་དང་པོས་དམ་འབུལ་ཞུས་གནང་ཡོད་པ་དང་། དེ་རྗེས་རིམ་པས་ལོ་ལྟར་ཕྱི་ཟླ་ ༩ ཚེས་ ༢ ཉིན་མང་གཙོ་དབུ་བརྙེས་པའི་དུས་ཆེན་སྲུང་བརྩི་བྱེད་བཞིན་ཡོད་པ་རེད། སྤྱིར་ཡུ་རོབ་དང་། ཨ་རི། ཨེ་ཤི་ཡའི་ཡུལ་ལུང་ནང་རྒྱལ་པོོའི་ལམ་ལུགས་སོགས་ལ་འདོད་པ་མ་ཁེངས་ནས་ཡར་འབངས་གྱེན་ལངས་དང་། སྲོག་སོགས་བློས་བཏང་ནས་མང་གཙོ་བྱུང་བ་ཞིག་རེད། ང་ཚོའི་མང་གཙོ་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མར་མི་མང་ལ་གསོལ་སྩལ་གནང་བ་ཞིག་ཆགས་ཀྱི་ཡོད། གཞི་རྩའི་༧གོང་ས་མཆོག་གི་དགོངས་བཞེད་ལྟར་མང་གཙོའི་ལམ་ལུགས་ཐོག་བསྐྱོད་རྒྱུར་དཀའ་ངལ་རིམ་པ་བྱུང་ཡང་། དཀའ་ངལ་རྣམས་ལ་གདོང་ལེན་དང་། མར་སྐུལ་དེད་གནང་ནས་ད་ཆ་འཛམ་གླིང་ཁྱོན་ཡོངས་ལ་ངོམས་སུ་ཆོག་པ་དང་། དོ་སྣང་གནང་སའི་མང་གཙོའི་ཀ་བ་གསུམ་ལྡན་གྱི་བོད་མིའི་སྒྲིག་འཛུགས་དེ་འདྲ་ཞིག་བཙུགས་ཐུབ་པ་བྱུང་ཡོད་རེད།

༧གོང་ས་མཆོག་ཐོག་མར་མ་སུ་རིར་ཕེབས་འབྱོར་རྗེས། མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་བཟོ་དགོས་ཀྱི་འདུག དེ་ཡང་དཔེ་བླངས་སའི་ཆེད་རྒྱ་གར་དང་། ཨིན་ཇིའི་རྩ་ཁྲིམས་བོད་བསྒྱུར་གནང་དགོས་པ་དང་། ཚིག་མཛོད་ཅིག་ཀྱང་རྩོམ་དགོས་ཀྱི་འདུག་ཅེས་བཀའ་སློབ་ཕེབས་འདུག མ་འོངས་པའི་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་རྒྱས་པ་ཞིག་འདོན་སྤེལ་ཞུས་ཡོད་པ་ད་ལྟའང་མཇལ་རྒྱུ་ཡོད་པ་དང་། དེ་རྗེས་བཙན་བྱོལ་ལ་སྡོད་རིང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཤིག་ཀྱང་དགོས་ཀྱི་འདུག་ཅེས་བཀའ་ཕེབས་པ་ལྟར། དགུ་བཅུ་གོ་གྲངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་བཙུགས་ཏེ། ཕྱི་ལོ་ ༡༩༩༡ ལོར་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་དང་། ཕྱི་ལོ་ ༢༠༠༡ ནས་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་བསྡུ་བྱེད་ཡ་དང་། ཕྱི་ལོ་ ༢༠༡༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་བའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་སྒྲིག་འཛུགས་ཀྱི་འགན་འཛིན་དང་། གཞུང་གི་དབུ་འཛིན་གྱི་ཆ་རྐྱེན་ཡོད་པ་དེ་བཞིན་ཕྱིར་བསྡུ་གནང་དགོས་པ་དང་། ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་འཁྲིད་རྣམ་པས་འགན་ཁུར་དགོས་པའི་བཀའ་སློབ་ཕེབས་པ་ལྟར་༧གོང་ས་མཆོག་གི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་གནང་སྟེ། ད་ཆ་མི་མང་གིས་འོས་འདེམས་བྱས་པའི་འགོ་འཁྲིད་ཁག་གིས་འགན་ཁུར་ནས་འགྲོ་བཞིན་ཡོད་པ་རེད། མཚམས་རེ་ང་ཚོའི་སྤྱི་ཚོགས་ལ་དཀའ་ངལ་ཡོང་གཞི་མཐོང་དུས་ཆོལ་ཁ་གསུམ་པོ་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་ཡིན་དེ་ཡང་ཐོག་མ་ཉིད་ནས་བསམ་རྣོ་དེ་ལྟར་ཡིན་པ་བཀའ་སློབ་ཕེབས་ཀྱི་ཡོད།

དེ་བཞིན་ཆོས་བརྒྱུད་རིས་མེད་ལ་གཟིགས་སྐྱོང་གནང་ཚུལ་ཟེར་བ་དེར། ད་ལྟ་གོང་དུ་ཡང་སྟེང་རིན་པོ་ཆེས་གསུངས་པ་ལྟར་རེད། ༧གོང་ས་མཆོག་གི་དགོངས་བཞེད་རྣམས་ཧ་ཅང་གི་རྒྱ་ཆེན་པོ་དང་། ཟབ་པོ་རྟོགས་དཀའ་བ་ཞིག་རེད། དེ་རིང་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་བྲིས་པའི་གཟིགས་སྣང་དང་། ཉམས་རྟོགས་ཞེས་པའི་དཔེ་དེབ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་སྔོན་ར་སྟོད་སྐྱོང་བླ་རིན་པོ་ཆེས་ཕྱག་དེབ་ཅིག་བྲིས་གནང་བ་དེ་རྡོ་རྗེ་གདན་ལ་དབུ་འབྱེད་གནང་སོང་། ཉིན་ཤས་རྗེས། ཁག་ཅིག་གིས་ངོ་དེབ་ཐོག་ཕྱག་དེབ་དེའི་ནང་དམིགས་བསལ་གྱི་༧གོང་ས་མཆོག་གི་གསང་བའི་མཛད་པ་མང་པོ་ཡོད་པ་བྲིས་གནང་འདུག སྐབས་དེ་དུས་ང་རང་དོ་སྣང་འདྲ་སླེབས་ནས་ར་སྟོད་མཁན་ཟུར་ཁྱུག་ཙམ་མཇལ་རྒྱུ་བྱུང་སོང་། དེ་དུས་ཕྱག་དེབ་ཅིག་གནང་རོགས་ཞུས་པ་ལྟར་ཁོང་ནས་བསྐུར་འདུག རྗེས་ལ་དུས་ཁོམ་བྱུང་དུས་དེབ་དེ་བཀླགས་པ་ཡིན། དེའི་བརྗོད་བྱ་འདྲ་པོ་དེ་གཞི་རྩའི་༧གོང་ས་མཆོག་གི་ཁུངས་འདྲ་པོ་དེ་རི་བོ་དགེ་ལུགས་པ་ཡིན་ཡང་། རྙིང་མ་དང་། ས་སྐྱ། བཀའ་བརྒྱུད་བཅས་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་གཞུང་དང་། རྒྱུད། མན་ངག ཁྲིད་དེ་ཚོ་གསན་བཞེས་གནང་དགོས་པ་དེ་གལ་ཆེན་པོ་ཆགས་བསྡད་ཡོད་པའི་སྐོར་རྒྱུ་མཚན་དང་བཅས་གསུངས་ཡོད་རེད། དེ་བཞིན་སྙན་དགོན་སྤྲུལ་སྐུས་གསུངས་ལ་བརྟེན་ནས་བསྟན་པ་སྤྱི་བཙན་དང་། གང་ཟག་སྒོས་བཙན་ཞེས་གསུངས་བསྡད་ཀྱི་ཡོད་རེད། བསྟན་པ་སྤྱི་བཙན་དེ་གལ་ཆེན་པོ་ཞིག་དང་། དེ་ཡང་དམ་ཚིག་འོ་ཆུ་གཅིག་འདྲེས་ཀྱི་རྣམ་པ་འདྲ་པོ་ཤར་ཡ་དང་། རྒྱུད་རེད། སྒྲུབ་སྡེ་རེད། རིགས་གཅིག་བསྟན་པ་སྒོས་བཙན་གྱི་ཐོག་ཉམས་ལེན་བྱེད་ཕྱོགས་མི་འདྲ་བ་ཡོང་ཆོག་པ་ཞིག་དང་། སྤྱི་ཡོངས་ནས་གཅིག་འགྱུར་ཡིན་པ་འདྲ་པོ་ཤུགས་ཆེན་པོ་གསུངས་བསྡད་ཀྱི་ཡོད་རེད། བོད་ནང་སྔོན་མ་ལོ་རྒྱུས་ཐོག ཆོས་བརྒྱུད་ནང་ཁུལ་དཀའ་ངལ་འདྲ་པོ་མང་པོ་བྱུང་ཡོད་རེད། ཡིན་ནའང་སྐབས་དེ་དུས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་མང་པོ་བྱུང་ཡོད་རེད། ཡིན་ནའང་ད་ལྟ་ནང་བཞིན་གྲངས་མང་བ་དང་རྒྱ་ཆེ་བ་དེ་འདྲ་བྱུང་ཡོད་མ་རེད་བསམ་གྱི་འདུག ༧གོང་ས་མཆོག་གིས་དུས་རྒྱུན་དབང་རྣོན་ཆོས་ཀྱི་རྗེས་འབྲངས་དགོས་ཀྱི་འདུག བསྟན་པ་དེ་བཤད་སྒྲུབ་འཆད་ཉན་གཉིས་ཀྱི་ཐོག་ནས་རྒྱུད་འཛིན་བྱེད་དགོས་ཀྱི་འདུག དེ་ཡང་ན་ལྜེན་པན་གྲུབ་བཅུ་བདུན་ལ་ཁུངས་གཏུགས་ཡོད་དུས། ང་ཚོ་ཚང་མ་གཅིག་འགྱུར་འདྲ་པོ་ཆགས་བསྡད་ཀྱི་འདུག་སོགས་ཀྱི་གསུང་བཤད་གནང་བ་དང་།

དཔལ་ལྡན་ཚོགས་གཞོན་མཆོག་གིས་ “༧གོང་ས་མཆོག་ནས་བུད་མེད་ལ་དམིགས་བསལ་གཟིགས་སྐྱོང་དང་དགེ་བཤེས་མའི་དམ་འཇོག་གསར་གཏོད་གནང་བའི་བཀའ་དྲིན་རྗེས་དྲན།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན། ༧གོང་ས་མཆོག་སྤྱན་རས་གཟིགས་མི་ཡི་རྣམ་སྤྲུལ་ཕྱི་ལོ་ ༡༩༣༥ ལོར་མདོ་སྨད་སྟག་མཚེར་སྐུ་འཁྲུངས་པ་དང་། དེ་ནས་ ༡༩༥༠ ལོར་དགུང་གྲངས་ ༡༦ ཐོག་བོད་ཀྱི་གཉན་ཕྲང་ཅན་གྱི་དུས་སྐབས་དེར་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་རྫོགས་བཞེས། དེའི་ལོ་བཅུའི་བར་མཚན་ཞབས་རྣམ་པ་དང་། ཕོ་བྲང་ནང་གི་གད་པ་གཙང་བཟོ་གནང་མཁན་སོགས་དང་ལྷན་སྐུ་རྩེད་གནང་བའི་སྐབས། བོད་གཞུང་གི་མཛད་གཙོ་རྣམ་པའི་ཕྱག་ལས་གནང་ཕྱོགས་ཐོག་འགྲིག་མི་འགྲིག་གང་ཡིན་ཡང་སྦ་གསང་མེད་པར་ཁོ་ཚོས་བཤད་ཀྱི་ཡོད་ཅེས་གསུངས་ཡོད་རེད། དེ་ཡིན་དུས་༧གོང་ས་མཆོག་ལ་བོད་ཀྱི་ཆབ་སྲིད་དང་། སྤྱི་ཚོགས་ཀྱི་འགྲོ་སྟངས་ཐོག་འགྱུར་བ་ཆེན་པོ་ཞིག་གཏོང་རྒྱུའི་ཐུགས་ཀྱི་དགོངས་པ་དེ་དུས་ནས་ཡོད་བསྡད་པ་ཞིག་ཆགས་ཀྱི་ཡོད་རེད། རིམ་པས་ལེགས་བཅོས་ཚོགས་ཆུང་བཙུགས་ཏེ། བོད་ཀྱི་སྔོན་མའི་ལམ་ལུགས་ལ་འགྱུར་བ་གཏོང་ཐབས་གནང་ཡང་། རྒྱ་ནག་དམར་གཞུང་གིས་ངན་བྱུས་བཤམས་པར་བརྟེན་བཙན་བྱོལ་ལ་ཕེབས་དགོས་བྱུང་བ་རེད། བཙན་བྱོལ་ནང་༧གོང་ས་མཆོག་གིས་མང་གཙོ་གསོལ་སྩལ་གནང་ཞིང་། དེ་ཡང་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་མང་གཙོ་དབུ་བརྙེས་པ་དང་། སྐབས་གཉིས་པའི་སྤྱི་འཐུས་ལྷན་ཚོགས་སྐབས་༧གོང་ས་མཆོག་གིས་བུད་མེད་ཀྱི་ནུས་པར་གདེང་འཇོག་གནང་ནས་ཆོལ་ཁ་གསུམ་ནས་འཐུས་མི་གཅིག་རེ་བུད་མེད་འདེམས་དགོས་པ་བཟོས་པ། དེ་བཞིན་དུས་རྒྱུན་༧གོང་ས་མཆོག་གིས་བྱམས་བརྩེ་དང་། སྙིང་རྗེའི་དགེ་རྒན་དང་པོ་དེ་གང་གི་རྒྱལ་ཡུམ་ཆེན་པོ་ཡིན་ཞེས་བཀའ་གནང་བ་དེ་ག་རང་གིས་བུད་མེད་ཀྱི་རྟེན་ལ་གདེང་འཇོག་གནང་བ་དང་། བུད་མེད་ཚོས་སྤྱི་ཚོགས་ནང་ཇི་ཙམ་བྱམས་བརྩེའི་ཐོག་ཁྱད་པར་བཟོ་ཐུབ་ཀྱི་ཡོད་པ་མཚོན་པ། བཀའ་སློབ་དེ་དག་གིས་བོད་པ་ཙམ་མིན་པར། རྒྱལ་སྤྱིའི་ནང་ཡོད་པའི་བུད་མེད་ཚང་མར་སོ་སོས་ལས་ཀ་གང་བྱས་པ་དེའི་ཐོག་སྤོབས་པ་སླེབས་ཡ་དང་། དེའི་སྟེང་ཤུགས་བརྒྱབ་རྒྱུར་འདུན་པ་རྣལ་མ་ཞིག་སླེབས་ཐུབ་པ་ཆགས་ཀྱི་ཡོད་རེད།

དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་མཆོག་གིས་མང་གཙོ་གསོལ་སྩལ་གནང་བའི་བཀའ་དྲིན་ལ་བརྟེན་ནས་ད་ལྟ་འཛིན་སྐྱོང་ནང་ཡིན་ནའང་བཀའ་བློན་བུད་མེད་སླེབས་ཡོད་པ་དང་། སྤྱི་འཐུས་ལྷན་ཚོགས་ནང་ལའང་བཅའ་ཁྲིམས་གཏན་འབེབས་གནང་བ་ནས་བཟུང་ཆོལ་ཁ་གསུམ་ཀྱི་འཐུས་མི་བཅུ་རེ་ནས་བུད་མེད་གཉིས་རེ་ངེས་པར་དུ་འོས་འདེམས་བྱེད་དགོས་པ་ལྟར། བུད་མེད་སྤྱི་འཐུས་སླེབས་ཀྱི་ཡོད་པ་མ་ཟད། ཚོགས་གཞོན་ལའང་བུད་མེད་སླེབས་ཡོད་པ། ཤེས་རིག་ལས་ཁུངས་ནས་སྤྱིར་བཏང་མཐོ་སློབ་སློབ་ཡོན་དང་། དེ་བཞིན་སྲིད་སྐྱོང་དང་། སྨན་པའི་སློབ་ཡོན་ཞུ་མཁན་བུད་མེད་བརྒྱ་ཆ་མང་བ་ཡོད་པ་རེད། དེ་བཞིན་བཙུན་དགོན་ཁག་ནང་ནང་ཆོས་འཆད་ཉན་དང་། རིམ་པས་དགེ་བཤེས་མའི་ལམ་ལུགས་གསར་དུ་གཏོད་པ། ཕྱི་ལོ་ ༢༠༡༦ ལོར་༧གོང་ས་མཆོག་གི་ཕྱག་ནས་དགེ་བཤེས་མའི་ཕྱག་འཁྱེར་གནང་བ་དང་། དགེ་བཤེས་མའི་ནང་ནས་ལྟ་གྲུབ་དགེ་རྒན་དང་། འོས་བསྡུའི་འགན་འཛིན་ཕྱག་རོགས་ཀྱི་ལས་འགན་བཞེས་མཁན་བྱུང་ཡོད་པ་སོགས་༧གོང་ས་མཆོག་ནས་བུད་མེད་ལ་དམིགས་བསལ་གཟིགས་སྐྱོང་དང་དགེ་བཤེས་མའི་དམ་འཇོག་གསར་གཏོད་གནང་བའི་བཀའ་དྲིན་རྗེས་དྲན་ཞེས་པའི་གསུང་བཤད་གནང་ཡོད།

གཞན་ཡང་དཔེ་དེབ་དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ། བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་བཅས་ནས་བརྗོད་གཞི་ཁག་གི་ཐོག་གསུང་བཤད་དང་། རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་དཔེ་དེབ་གཉིས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་གནང་ཡོད་པ་བཅས། །